ཁེ་ན་ཌས་རྒྱ་ནག་གཞུང་འབྲེལ་གྱི་ཧཱ་ཝེ་འཕྲུལ་རིག་བཟོ་ཚོང་གི་སྤྱི་གཉེར་བ་མེན་ཝན་ཀྲའོ་འཛིན་བཟུང་བྱས་པའི་གནད་དོན་འོག རྒྱ་ནག་གིས་ཁེ་ན་ཌའི་མི་སེར་དང་གཞུང་འབྲེལ་ལས་བྱེད་སོགས་མི་གསུམ་འཛིན་བཟུང་གིས་ཁྲིམས་ཆད་ལྗིད་པོ་བཅད་དེ་ཡ་ལན་སློག་གི་ཡོད་པ་རེད།
དེ་རིང་རྒྱ་ནག་གི་ཏན་ཏུང་མི་མང་འབྲིང་རིམ་ཁྲིམས་ཁང་ཟེར་བ་དེས། ཕྱི་ལོ་ ༢༠༡༨ ལོ་ནས་རྒྱ་ནག་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཁེ་ན་ཌའི་མི་སེར་ཡིན་པའི་ཚོང་པ་མེ་ཁལ་སི་པེ་ཝར་ (Michael Spavor) ལ་གསང་མྱུལ་དང་ཁྲིམས་འགལ་ཐོག་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་སྤྲད་པའི་ཉེས་མིང་འོག ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། རྒྱ་ནག་ཏུ་ཡོད་པའི་ཨ་སྒོར་ ༧༧༠༠ ལྷག་གི་སྒེར་གྱི་རྒྱུ་དངོས་གཞུང་བཞེས་དང་། རྒྱ་ནག་ནས་ཕྱིར་ཕུད་གཏང་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་ནའང་། ག་དུས་ཕྱིར་ཕུད་གཏང་རྒྱུ་ཡིན་པའི་གནས་ཚུལ་གསལ་ཁ་མེད་པ་རེད།
རྒྱ་ནག་ནང་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་པ་ཌོ་མི་ནིག་བྷར་ཊོན་ (Dominic Barton) གྱིས། ཁེ་ན་ཌའི་གཞུང་གིས་ད་ལན་སི་པེ་ཊར་ལ་བཀལ་བའི་བཙོན་འཇུག་ཁྲིམས་ཆད་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ཁྲིམས་ཐག་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱུང་མེད་སྐོར་བརྗོད་འདུག་ལ། ཁྲིམས་ཁང་གི་ཁྲིམས་ཆད་བཅད་རྗེས་སི་པེ་ཝར་གྱིས་གཞུང་ཚབ་བརྒྱུད་ནས། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལྟའི་ཆར་ཁོ་རང་བདེ་པོ་སྐྱིད་པོ་ཡིན་ནའང་། རང་ཁྱིམ་ལ་ལོག་འདོད་ཡོད་སྐོར་བརྗོད་ཡོད་འདུག
དེ་བཞིན་ཁེ་ན་ཌའི་སྲིད་བློན་ཇ་སི་ཊིན་ཊུ་རུ་ཌོ་ (Justin Trudeau) ལགས་ཀྱིས། སྐུ་ཞབས་སི་པེ་ཝར་གྱི་ཁྲིམས་ཆད་དེ་ལོ་ ༢ དང་ཕྱེད་ཀ་ལྷག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཏེ་བཀལ་བ་ཞིག་ཡིན་པ་དང་། ཁྲིམས་བཤེར་གྱི་བྱ་རིམ་ཡང་དྲང་བདེན་བྱུང་མེད་པའི་ཐོག རྒྱལ་སྤྱིའི་ཁྲིམས་སྒྲིག་གི་དམའ་མཐའི་ཚད་གཞི་ཡང་ལོངས་མེད་པ་རེད། ང་ཚོས་ཁོ་རང་ཁྱིམ་དུ་མ་འབྱོར་བར་དུ་ཐབས་ཤེས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཀྱང་ཁྲིམས་ཆད་དེར་ངོ་རྒོལ་དང་སྦྲགས་རྒྱ་ནག་གཞུང་གིས་མི་གཏའ་མར་འཇོག་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག
ད་ལན་གྱི་ཁྲིམས་ཆད་དེ་ནི། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གཞུང་གི་རེ་སྐུལ་བཞིན་ཁེ་ན་ཌའི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་བཟང་བཙོན་དུ་བཅུག་པའི་རྒྱ་ནག་གི་སྒེར་གཉེར་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་ (Huawei) ཡི་སྦྱིན་བདག་ཆེན་མོའི་བུ་མོ་དང་བཟོ་ཚོང་ཁང་ནོར་དོན་སྤྱི་གཉེར་བ་གཅིག་ལྕོགས་མེན་ཝན་ཀྲའོ་ (Meng Wanzhou) ཟེར་བ་དེ་ཨ་རི་ལ་རྩིས་སྤྲོད་དགོས་མིན་གྱི་ཉན་ཞིབ་འགྲོ་མུས་ཡིན་པའི་སྐབས་དང་ཏག་ཏག་འཁེལ་ཡོད་སྟབས། དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་སི་པེ་ཝར་ཁེ་ན་ཌར་ཡ་ལན་སློབ་བྱེད་ཅིག་ཏུ་སྤྱད་ཡོད་པ་དང་། དེ་སྔོན་ཡང་རྒྱ་ནག་གཞུང་གིས་ཁེ་ན་ཌའི་གཞུང་ལ་མེན་ཝན་ཀྲའོ་འཕྲལ་དུ་ཀློད་གྲོལ་དགོས་པའི་ཉེན་བརྡ་དང་འཇིགས་སྐུལ་བྱས་ཡོད་པ་རེད།
རྒྱ་ནག་གི་བྱང་ཤར་ཞིང་ཆེན་ལིའོ་ཉཱན་ (Liaoning) མི་མང་འབྲིང་རིམ་ཁྲིམས་གི་དྲ་རྒྱའི་སྟེང་སྤེལ་བའི་བཅད་ཁྲ་དེའི་ནང་། བཙོན་འཇུག་ཁྲིམས་ཆད་ཐོག ད་དུང་སི་པེ་ཝར་དབང་བའི་རིན་འབབ་ཨ་སྒོར་ ༧༧༠༠ ལྷག་གི་ཅ་དངོས་རྣམས་གཞུང་བཞེས་བྱས་ཡོད་སྐོར། རྒྱལ་ཁབ་ནས་ཕྱིར་ཕུད་གཏང་རྒྱུ་ཡིན་པ་ཙམ་ལས། ག་དུས་ཕྱིར་ཕུད་གཏང་རྒྱུ་ཡིན་མིན་བཀོད་མི་འདུག་ཀྱང་། དུས་རྒྱུན་རྒྱ་ནག་གི་ཕྱིའི་མི་སེར་ཞིག་བཙོན་འཇུག་ཁྲིམས་ཆད་མྱངས་རྗེས་མ་གཏོགས་ཕྱིར་ཕུད་གཏོང་གི་མེད་པ་རེད།
ཕྱི་ལོ་ ༢༠༡༨ ཟླ་ ༡༢ པའི་ནང་ཁེ་ན་ཌའི་ཉེན་རྟོག་པས་མེན་ཝན་ཀྲའོ་ཡིས་ཨི་རཱན་ཐོག་བཀལ་བའི་དཔལ་འབྱོར་ཉེས་ཆད་ཀྱི་ཁྲིམས་སྒྲིག་ལ་རྩིས་མེད་རྡོག་རོལ་བཏང་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ནས་ཉིན་ཤས་ལས་མ་འགོར་བར། རྒྱ་ནག་གཞུང་གིས་མེ་ཁལ་སི་པེ་ཝར་དང་ཁེ་ན་ཌའི་གཞུང་གི་སྐུ་ཚབ་ཟུར་པ་མེ་ཁལ་ཀོབ་རིག་ (Michael kovrig) གཉིས་གསང་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ། ལོ་གཉིས་ཙམ་གྱི་རྗེས་ཏེ་འདི་ལོའི་ཕྱི་ཟླ་ ༣ པའི་ནང་གསང་བའི་ཐོག་ནས་ཁྲིམས་བཤེར་ཞིག་ཚོགས་ཡོད་ནའང་ཁྲིམས་ཆད་གང་ཡང་བཀལ་མེད་པ་རེད། དབྱེ་ཞིབ་པས་ད་ཐེངས་མེ་ཁལ་སི་པེ་ཝར་ལ་ཁྲིམས་ཆད་བཀལ་བ་བཞིན་མི་རིང་བར་མེ་ཁལ་ཀོབ་རིག་ལའང་ཁྲིམས་ཆད་བཀལ་ངེས་ཡིན་པ་དང་། ད་ལྟ་མེ་ཁལ་སི་པེ་ཝར་ལ་གོང་ཞུ་བྱ་རྒྱུའི་གོ་སྐབས་ཡོད་ནའང་། ཕྱི་གསལ་ནང་གསལ་མེད་པའི་རྒྱ་ནག་གི་ཁྲིམས་བཤེར་ལམ་ལུགས་ནང་གོང་ཞུ་ངོས་ལེན་བྱེད་པ་ཧ་ཅང་དཀོན་པོ་ཡིན་སྐོར་རྗོད་ཀྱིན་འདུག
གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཕྱི་ལོ་ ༢༠༡༩ ལོར་སྨྱོ་རྫས་དབོར་འདྲེན་བྱས་པའི་ཉེས་མིང་འོག ཁེ་ན་ཌའི་མི་སེར་སི་ཁེ་ལེན་བྷག་(Robert Lloyd Schellenberg) སྲོག་ཁྲིམས་བཅད་ཡོད་ཅིང་། རྒྱ་ནག་གིས་ཁོ་བོའི་གོང་ཞུ་ལ་རྩིས་མེད་ཀྱིས་དེ་སྔའི་སྲོག་ཐོག་གི་ཁྲིམས་བཤེར་སྐབས་སི་ཁེ་ལེན་བྷག་གིས་ནག་ཉེས་དང་འབྲེལ་བའི་དཔང་རྟགས་ཚད་ལྡན་དང་འདང་ངེས་སྤྲད་འདུག་པ་མ་ཟད། ནག་ཉེས་བསགས་ཡོད་པ་མངོན་གསལ་དང་ཁྲིམས་ཆད་ཀྱང་རན་འཚམ་བཀལ་ཡོད་སྐོར་བརྗོད་འདུག སྤྱིར་རྒྱ་ནག་གི་ཉེན་རྟོག་པས་ལི་ཁེ་ལེན་བྷག་ཕྱི་ལོ་ ༢༠༡༤ ལོར་འཛིན་བཟུང་བཀག་ཉར་བྱས་ཏེ། ཕྱི་ལོ་ ༢༠༡༨ ལོར་ཁོ་པར་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ནའང་། ཁོ་པས་གོང་རིམ་ལ་ཞུ་གཏུགས་བྱས་པར་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཉེས་ཆད་ཆག་ཡང་གཏོང་རྒྱུའི་ཚབ་ཏུ་ཁོ་ལ་སྲོག་ཐོག་གི་ཁྲིམས་ཆད་བཀལ་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།