བོད་ནག་ཆུ་གཉན་རོང་རྫོང་ཁོངས་ཀྱི་བྱང་ལམ་གྲོང་ཚོའི་གྲོང་མི་བརྒྱ་དང་བཅུ་ལྷག་གིས་ས་ཁུལ་དེའི་གེ་སར་རྟ་རྒྱུག་སྒྱུ་རྩལ་གྱི་ཡུལ་དངོས་པར་རིས་སུ་བཏབས་ཏེ་མི་གཞན་ལ་བརྒྱུད་སྐུར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཉེས་ཆད་བཅད་ཡོད་པ་དང་བོད་མི་ཁག་ཅིག་ད་དུང་ཡང་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པར་བོད་ནང་ནས་གནས་ཚུལ་ཞིག་འབྱོར་བ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༢༩ ཙམ་ནས་ནག་ཆུ་ས་ཁུལ་གྱི་བྱང་ཐང་དུ་ལོ་རེའི་རྟ་རྒྱུག་དུས་ཆེན་ཚོགས་སྲོལ་ཡོད་པ་ལྟར། ད་ལོའི་རྟ་རྒྱུག་དུས་ཆེན་སྐབས་རྒྱ་གཞུང་ཉེན་རྟོག་པས་ནག་ཆུ་ས་ཁུལ་གྱི་བོད་མི་མང་པོའི་ཁ་པར་ལ་སྔོག་བཤེར་དང་ཉེས་ཆད་སོགས་བཅད་དེ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུའི་བྱང་ཐང་གི་བོད་མིའི་རྟ་རྒྱུག་དུས་ཆེན་སྐབས། ཟླ་འདིའི་ཕྱི་ཚེས་ ༩ ཉིན་གཉན་རོང་རྫོང་ཁོངས་ཀྱི་བྱང་ལམ་གྲོང་ཚོའི་ས་གནས་ཉེན་རྟོག་པས་བོད་མི་ ༡༡༠ ཡི་ཁ་པར་ལ་སྔོག་བཤེར་དང་འདྲི་རྩད་བཅད་ཡོད་པ་མ་ཟད། དེའི་ཁྲོད་ཀྱི་བོད་མི་ ༨༠ ལ་རྒྱ་སྒོར་ ༥༠༠༠ རེའི་ཉེས་ཆད་བཅད་དེ་ཁ་སང་ཕྱིར་ལོག་བཏང་ཡོད་པ་དང་། བོད་མི་ ༣༠ ད་དུང་བཀག་ཉར་འོག་བཞག་ཡོད་འདུག་ལ། བོད་མི་དེ་དག་ལ་འདྲི་རྩད་དང་ཉེས་ཆད་གཅོད་དོན་ནི། ཁོ་ཚོས་རྟ་རྒྱུག་སྐབས་རང་གི་ཉེ་འཁྲིས་སུ་མེད་པའི་ཐག་རིང་གི་ཁྱིམ་མིར་རྟ་རྒྱུག་སྐབས་ཀྱི་པར་རིས་བསྐུར་བའི་རྐྱེན་གྱིས་ཡིན་པ་རེད།
ནག་ཆུའི་བྱང་ཐང་དུ་རྟ་རྒྱུག་མ་འཚོགས་གོང་བདུན་གཅིག་གི་སྔོན་ལ་ས་གནས་ཉེན་རྟོག་པས་རྟ་རྒྱུག་སྐབས་ཀྱི་པར་དང་བརྙན་སོགས་གཞན་ལ་བསྐུར་མི་ཆོག་པའི་བཀའ་བཏང་ཡོད་པ་དང་། པར་རིས་ཀྱི་ནང་དུ་གཞུང་གི་ལས་བྱེད་པ་དང་ཉེན་རྟོག་པ། ཡང་ན་གཞུང་ལམ་སོགས་མཐོང་རྒྱུ་ཡོད་ཚེ། ཉེས་ཆད་རྒྱ་སྒོར་ ༥༠༠༠ དང་བདུན་གཅིག་གི་ནང་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་རེ་བྱེད་པར་འགྲོ་དགོས་ཀྱི་ཡོད་པ་ལྟར། ད་རེས་ཉེས་ཆད་ཕོག་པའི་བོད་མི་ ༨༠ བདུན་གཅིག་གི་ནང་ཉེན་རྟོག་ཁང་དུ་ཐོ་འགོད་བྱེད་པར་འགྲོ་དགོས་ཀྱི་ཡོད་འདུག་ལ། ད་དུང་བཀག་ཉར་འོག་ཡོད་པའི་བོད་མི་ ༣༠ གནས་སྟངས་ཅི་ཆགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
གནས་ཚུལ་མཁོ་སྤྲོད་པས། ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པའི་དུས་ཚོད་དགུ་ཙམ་གྱི་སྟེང་། གྲོང་ཚོར་ཚོགས་ཆེན་ཡོད་པའི་སྐད་བཏང་བྱུང། ང་ཚོ་ཚང་མ་འཛོམས་ཚར་དུས་ཁ་པར་ཚང་མ་ཡར་བསྡུས་ནས་ཤོག་སྒམ་ཞིག་གི་ནང་དུ་བླུགས་སོང། སྐབས་དེར་ཉེན་རྟོག་པ་༡༡ ཡོང་ནས་འབྲི་དེབ་ཞིག་ཁ་ཕྱེས་ཏེ། གྲོང་མི་རེ་རེ་མིང་འདོན་བྱས་སོང་བ་དང་མིང་ཡོད་མཁན་ཚང་མ་འགྲོ་དགོས་རེད་ཟེར་གྱི་འདུག དེ་ནས་ཁོ་ཚོས་ ༡༡༠ ཉེན་རྟོག་ཁང་དུ་འཁྲིད་སོང་། ཞེས་བརྗོད་བྱུང་།
སྤྱིར་ལོ་རྟག་པར་ནག་ཆུ་ས་ཁུལ་བྱང་ཐང་དུ། ནག་ཆུ་སྤྱི་དང་ས་ཁུལ་དེའི་གཡས་གཡོན་གྱི་ཞིང་འབྲོག་མང་ཚོགས་སྟོང་ཕྲག་ཚང་འཛོམས་ཐོག འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་གྱི་དུས་ཆེན་ཚོགས་ཏེ། སྲོལ་རྒྱུན་རྟ་རྩལ་འགྲན་པ་དང་། རྟ་རྒྱུག་གི་རིག་རྩལ་འགྲན་བསྡུར་དང་འཁྲབ་སྟོན། དུས་ཆེན་དབུ་འཛུགས་དང་མཇུག་སྒྲིལ་གྱི་མཛད་སྒོ་རྒྱ་ཆེ་སྤེལ་སྲོལ་ཡོད་ཀྱང་། ད་ལོར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག ནག་ཆུའི་བྱང་ཐང་དུ་རྟ་རྒྱུག་དུས་ཆེན་དབུ་འཛུགས་དང་མཇུག་སྒྲིལ་བཅས་ཀྱི་དུས་ཆེན་མི་བསྡུ་བ་དང་། མི་མང་འདུ་འཛོམས་རིགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།
དུས་ཆེན་ཚུགས་ཅུག་མེད་པར་ག་འདྲ་སེ་ལེན་བཀུར་བ་ཡིན་ན།