འདས་པའི་བདུན་ཕྲག་ནང་རྒྱ་གར་དང་བལ་ཡུལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་ ༣༦་བྱུང་བའི་ཁྲོད་ནས་མི་གཉིས་འདས་གྲོངས་སུ་ཕྱིན།
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་གནང་བ་ལྟར་ན། བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་བོད་རིགས་སྐྱེས་པ་གྲངས་ ༢༦ དང་བུད་མེད་གྲངས་ ༡༠ བཅས་ཁྱོན་ཏོག་དབྱིབས་ནད་པ་གསར་པ་གྲངས་ ༣༦ བྱུང་བའི་ཁྲོད་ནས་དགུང་ལོ་རྒན་ཤོས་ ༩༤ དང་དགུང་ལོ་ཆུང་ཤོས་ལོ་ན་ ༢ སོན་ཡོད་འདུག འདས་པའི་བདུན་ཕྲག་ནང་སྐྱེས་པ་ལོ་ ༨༤ དང་ ༧༩ ཅན་གཉིས་འདས་གྲོངས་སུ་ཕྱིན་ཡོད་འདུག
དེ་བཞིན་བདུན་ཕྲག་འདིའི་ནང་རྒྱ་གར་ནང་ས་གནས་གྲངས་ ༡༥ དང་བལ་ཡུལ་ནང་ས་གནས་གྲངས་ ༦ ཁྱོན་བསྡོམས་རང་ཁྱིམ་དུ་སྡོད་མཁན་མི་གྲངས་ ༧༩༩ དང་། ཚོགས་སྡེའི་ཟུར་བཀག་ནང་སྡོད་མཁན་མི་གྲངས་ ༣༥༤ འདུག
འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་རྒྱ་གར་དང་བལ་ཡུལ་ནང་ཏོག་ནད་ཕོག་པའི་ནད་པ་གྲངས་ ༦༡༧༡ དང་། དྲག་སྐྱེད་ཕྱིན་པ་ ༥༩༣༢། རྐྱེན་འདས་སུ་ཕྱིན་པ་ ༡༤༨། ནད་ཀྱིས་མནར་བཞིན་པ་མི་གྲངས་ ༩༡ ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།