རྒྱལ་ཡུམ་ཆེན་མོའི་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་རྟགས་མའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༦ པའི་སྟེང་བོད་པའི་རུ་ཁག་བཅུ་མཉམ་ཞུགས་གནང་གི་འདུག
ཁ་སྔོན་ཕྱི་ཚེས་ ༤ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ངོ་དེབ་སྟེང་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཚོགས་མ་ཐུབ་པའི་རྒྱལ་ཡུལ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༦ པ་དེ། ཕྱི་ཟླ་ ༡༠ ཚེས་ ༡ ནས་ ༡༢ འཚོག་གཏན་ཁེལ་ཡོད་སྐོར་བསྒྲགས་པ་ལྟར། དེ་རིང་འདི་གའི་གསར་འགོད་པར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རིན་ཆེན་ལགས་ཀྱིས། ཕྱི་ཟླ་ ༡༠ ཚེས་ ༡ ནས་ ༡༢ བར་ལྡེ་ར་རྡུན་ཁུལ་གྱི་དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོ་འགྲན་རྒྱུ་ཡིན་པ་དང་། སྐབས་དེར་འགྲན་ཞུགས་ཀྱི་རྩེད་འགྲན་པ་ཡོངས་ལ་ཏོག་དབྱིབས་འགོག་ཁབ་ཐོག་དང་པོ་བརྒྱབ་ཟིན་པ་དང་། དམིགས་བསལ་ཆུ་ཚོད་ཉེར་བཞིའི་རིང་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་འབྲས་ (RT-PCR) ངེས་པར་དུ་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བསྟན་འཛིན་རིན་ཆེན་ལགས་སུ་འདི་ལོའི་རྩེད་འགྲན་སྐབས་རུ་ཁག་ག་ཚོད་ཅིག་ཡོད་མེད་དྲིས་སྐབས། ད་ལྟ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་ཞུགས་མཁན་བོད་པའི་རྐང་སྤོལ་རུ་ཁག་བཅུ་ཡོད། ལོ་སྔོན་མ་དང་བསྡུར་ན་ཇེ་ཉུང་དུ་ཕྱིན་ཡོད། གཞིས་ཆགས་ཀྱི་འགྲོ་ལུགས་ལྟར། རྩེད་མོ་བ་རྣམས་ལ་འགོག་ཁབ་དང་པོ་བསྐྱོན་ཟིན་པ་དང་འཕྲལ་བརྟག་གི་དཔྱད་འབྲས་ (RT-PCR) དགོས་ཀྱི་ཡོད། ཅེས་བརྗོད་བྱུང་བ་དང་། ལ་དྭགས་དང་ཇཱ་ལན་ཌིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྐང་སྤོལ་རུ་ཁག་གཉིས་དེ་གསར་བ་ཆགས་ཀྱི་ཡོད་འདུག
ཡང་རྩེད་འགྲན་གྱི་གྲྭ་སྒྲིག་སྐོར་ལ་རིན་ཆེན་ལགས་ཀྱིས་འབོད་སྐུལ་དང་འབྲེལ་ནས། འདི་ལོར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག ས་ཐག་རིང་གི་བོད་མི་རྣམས་རྐང་སྤོལ་རྩེད་འགྲན་ལྟ་གི་ཡོང་བར་སྟབས་བདེ་མིན་པས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བོད་པའི་རྐང་སྤོལ་རྩེད་འགྲན་གྱི་ཡུལ་དངོས་ཐད་གཏོང་བརྒྱུད་རྒྱ་ཆེ་ལྟད་མོ་བའི་གཟིགས་ལམ་དུ་ཕུལ་རྒྱུ་ཡིན་པ་ལྟར། དྲ་ལམ་ནས་ཐད་གཏོང་ལ་གཟིགས་པའི་འབོད་སྐུལ་ཞུས་སོང་བ་དང་། རྩེད་འགྲན་པ་རྣམས་ལ་ས་གནས་མགོ་འཛིན་དང་རྩེད་རིགས་ཚོགས་པ་གཉིས་མཉམ་འབྲེལ་གྱིས་སྡོད་ཁང་སོགས་ཀྱི་མཐུན་རྐྱེན་གྲ་སྒྲིག་བྱས་ཡོད་འདུག
འདས་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་སྟེང་། བཙན་བྱོལ་བོད་མིའི་རྐང་སྤོལ་རུ་ཁག་ ༡༤ ནས་མཉམས་ཞུགས་བྱེད་གཏན་ཁེལ་ཡོད་ཀྱང་། རྒྱ་གར་ནང་ཕྱི་ཟླ་ ༣ ནས་བཟུང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་དང་སྔོན་འགོག་འོག རྩེད་འགྲན་ལོ་གཅིག་རིང་ཕྱིར་འགྱངས་བྱས་ཡོད་པ་རེད།
རྒྱལ་ཡུམ་ཆེན་མོ་རྐང་སྤོལ་རྩེད་འགྲན་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་མཆོག་གི་བཀའ་དྲིན་ལ་རྗེས་དྲན་ཞུ་ཕྱིར་བསྡུས་ཡོད་ཅིང་། ཕྱི་ལོ་ ༡༩༨༡ ལོ་ནས་དབུ་འཛུགས་ཀྱིས་ད་བར་རྩེད་འགྲན་ཁྱོན་ ༢༥ འཚོགས་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།