ཧོང་ཀོང་ནང་ལོ་ལྟར་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་རྗེས་དྲན་གོ་སྒྲིག་པ་ཧོང་ཀོང་མནའ་འབྲེལ་ཚོགས་པའི་འགན་འཛིན་གཞོན་པ་ཁྲོ་ཧང་ཐུང་ (Chow Hang Tung) གིས་གཙོས་ཚོགས་མི་གསུམ་འཛིན་བཟུང་བྱས་ཡོད་འདུག
དེ་རིང་ཞོགས་པ་ཆུ་ཚོད་ ༧ ཡས་མས་སུ་ཁྲོ་ཧང་ཐུང་གིས་རང་གི་ངོ་དེབ་སྟེང་། མི་སྐོར་ཞིག་ཁོ་མོའི་སྒོ་རྩར་བསླེབས་ཏེ་བཙན་གྱིས་སྒོ་འབྱེད་ཐབས་བྱས་ཡོད་སྐོར་གྱི་བརྙན་ཐུང་ཞིག་སྤེལ་ཡོད་པ་དང་། དེ་བཞིན་ཧོང་ཀོང་གི་ཉེན་རྟོག་པ་དྲུག་ལྷག་གིས་མནའ་འབྲེལ་ཚོགས་པའི་ཚོགས་མི་རྒན་གྲས་སི་མོན་ལུང་ (Simon Leung) སྡོད་སའི་མགྲོན་ཁང་དུ་སླེབས་ཏེ་ཁོང་འཛིན་བཟུང་བྱས་ཡོད་འདུག ད་ཐེངས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཁོངས་སུ་ཚོགས་པ་དེའི་ཚོགས་མི་སིན་ཐང་ (Sean Tang) དང་ཁྲན་དོར་ཝའེ་ (Chan Dor-wai) ཡང་ཡོད་ཅིང་། ཉེན་རྟོག་པས་དམངས་གཙོ་དོན་གཉེར་བའི་ཚོགས་མི་བཞི་ཡིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་དོན་ཚན་ ༤༣ ལ་བརྩི་བཀུར་དྭང་ལེན་མ་བྱས་པར་བརྟེན་འཛིན་བཟུང་བྱས་ཡོད་ལུགས་དང་། ད་ལྟའི་ཆར་ཁོ་ཚོར་འདྲི་རྩད་བྱེད་ཆེད་དུ་བཀག་ཉར་འོག་བཞག་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
དེ་ཡང་ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་ཧོང་ཀོང་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བའི་འོག་ནས་ཚོགས་པ་དེར་ཡི་གེ་ཞིག་བཏང་སྟེ། ཚོགས་པ་དེ་ཉིད་གསར་འཛུགས་བྱས་པ་ནས་བཟུང་སྟེ་ད་བར་གྱི་ཚོགས་མི་རྣམས་ཀྱི་ལོ་རྒྱུས་དང་། ཚོགས་པའི་འདས་ཟིན་པ་དང་ད་ལྟའི་དཔལ་འབྱོར་གནས་སྟངས་ཀྱི་གནས་ཚུལ་རྣམས་ཉེན་རྟོག་ཁང་ལ་མཁོ་སྤྲོད་བྱེད་དགོས་ཚུལ་བཤད་ཡོད་པ་མ་ཟད། ཉེན་རྟོག་པར་ཚོགས་པ་དེ་ཉིད་ཕྱིའི་རྒྱལ་ཁབ་ཀྱི་རྩ་འཛུགས་ཤིག་ཡིན་པའི་དོགས་པ་ཡོད་སྐོར་སོགས་འཁོད་ཡོད་ནའང་། ཁ་སང་ཕྱི་ཚེས་ ༧ ཉིན་ཉེན་རྟོག་པར་གནས་ཚུལ་མཁོ་སྤྲོད་བྱ་རྒྱུའི་དུས་བཀག་ཟིན་པ་དང་བསྟུན། ཧོང་ཀོང་མནའ་འབྲེལ་ཚོགས་པས་ཉེན་རྟོག་ཁང་ལ་ཚོགས་པ་དེའི་གནས་ཚུལ་བསྡུ་སློང་བྱ་རྒྱུའི་ཁྲིམས་སྒྲིག་གཞི་རྩ་གང་ཡང་མེད་པ་མ་ཟད། ཚོགས་པ་དེ་ཉིད་ཕྱིའི་རྩ་འཛུགས་ཤིག་ཡིན་པའི་བདེན་དཔང་གང་ཡང་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མེད་པར་བརྟེན། དེ་རིང་ཧོང་ཀོང་གི་ཉེན་རྟོག་པས་ཁྲིམས་བརྩི་སྲུང་དང་དྭང་ལེན་མ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
ཉེ་སྔོན་ཧོང་ཀོང་གི་ཉེན་རྟོག་པས་ཁོ་ཚོའི་རེ་སྐུལ་དྭང་ལེན་མི་བྱེད་མཁན་ཚོར་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཆད་དང་ཨ་སྒོར་ ༡༢༨༠༠ ཡི་དངུལ་ཆད་ཕོག་སྲིད་སྐོར་གྱི་འཇིགས་སྐུལ་བྱས་འདུག་ཀྱང་། དེ་རིང་ཁྲོ་ཧང་ཐུང་འཛིན་བཟུང་བྱས་ཏེ་ཉེན་རྟོག་ཁང་ལ་བསྐྱོད་པའི་ལམ་བར་དུ་གསར་འགོད་པར། ང་ཚོའི་ངོས་ནས་ཁྱེད་ཚོའི་(ཉེན་རྟོག་པ་)རེ་འདུན་དེར་ཁྲིམས་སྒྲིག་གི་གཞི་རྩ་གང་ཡང་མི་འདུག་ཅེས་བརྡ་ལན་སྤྲོད་རྒྱུ་ཡིན་ལ། ང་ཚོས་ཁྱེད་ཚོ་སྣང་བར་འཇོག་རྒྱུ་མིན། ཞེས་བཤད་ཡོད་འདུག ཁོང་མོ་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་བཀག་སྡོམ་ཟིན་པའི་མི་མང་གི་འདུ་འཛོམས་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་ཐོག་མར་བྱས་ཏེ། ཟླ་བ་གཅིག་རིང་བཀག་ཉར་བྱས་རྗེས་ཧོང་ཀོང་གི་དངུལ་སྒོར་ཁྲི་ ༥ གཏའ་དངུལདུ་བཞག་ཏེ་ཀློད་གྲོལ་ཐོབ་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༥ ཉིན་གྱོད་དོན་དེར་ཁྲིམས་བཤེར་འཚོག་གཏན་འཁེལ་ཡོད་འདུག
གཞན་ཡང་། ཧོང་ཀོང་གཞུང་གིས་ཕྱི་ལོ་ ༢༠༢༠ དང་འདི་ལོ་གཉིས་ཀར་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ཏེ། འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་ཧོང་ཀོང་གི་ཝིག་ཊོ་རི་ཡ་སྤྱི་གླིང་དུ་རྒྱུན་ཆད་མེད་པར་འཚོག་བཞིན་པའི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞི་དམར་གསོད་དོན་རྐྱེན་རྗེས་དྲན་གྱི་ཚོགས་འདུ་དེ་ཉིད་འཚོག་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་ནའང་། ཕྱི་ལོ་ ༢༠༢༠ ལོར་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱས་ཡོད་སྟབས། ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བའི་སྣེ་ཁྲིད་པ་རྣམས་ཀྱིས་ཤེས་བཞིན་དུ་ཆོག་མཆན་མེད་པའི་འདུ་འཛོམས་ནང་མི་མང་ཞུགས་རྒྱུར་སྐུལ་མ་བྱས་པ་དང་རང་ཉིད་དངོས་སུ་ཞུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༡༡ ནང་ཁྲིམས་བཤེར་བྱ་གཏན་འཁེལ་ཡོད་ཅིང་། དེའི་ནང་ཁྲོ་ཧང་ཐུང་ཡང་ཚུད་ཡོད་པ་རེད།
རྒྱ་ནག་གི་རྒྱལ་ཞེན་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཆེད་ཧོང་ཀོང་གི་མནའ་འབྲེལ་ཚོགས་པ་ (Hong Kong Alliance in Support of Patriotic Democratic Movements of China) ཞེས་པ་དེ་ནི་ཕྱི་ལོ་ ༡༩༨༩ ལོར་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། འདས་པའི་ལོ་ངོ་ ༣༠ ལྷག་གིི་རིང་དམངས་གཙོ་དོན་གཉེར་བའི་ཚོགས་པ་དེས་ཧོང་ཀོང་གྲོང་ཁྱེར་ནང་ཕྱི་ལོ་ ༡༩༨༩ ལོའི་དམར་གསོད་དོན་རྐྱེན་དང་འབྲེལ་བའི་ལས་འགུལ་འདྲ་མིན་གོ་སྒྲིག་ཞུ་མུས་ཡིན་ནའང་། འདས་ལོར་རྒྱ་ནག་དམར་ཤོག་ཚོགས་པས་མི་མང་འཐུས་མིའི་ཚོགས་ཆེན་ཟེར་བའི་སྟེང་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་ཞིག་གཏན་འབེབ་ལག་བསྟར་བྱས་པ་ནས་བཟུང་། ཚོགས་པ་དེ་ཉིད་ཚུད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཚོགས་པ་དང་གསར་འགྱུར་བརྒྱུད་ལམ། མི་སྒེར་བཅས་ཚང་མར་གཞུང་གི་བཀག་བསྡོམ་དང་དམ་དྲག་ཤུགས་ཆེར་བྱེད་མགོ་བཙུགས་ཤིང་། ད་བར་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་གི་འཐབ་ཕྱོགས་ཚོགས་པ་ (The Civil Human Rights Front) ཡིས་མཚོན་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཚོགས་པ་མི་ཉུང་བ་ཞིག་གཏན་དུ་སྒོ་བརྒྱབ་ཟིན་པ་ལྟར། ཉེ་བའི་ཆར་ཧོང་ཀོང་མནའ་འབྲེལ་ཚོགས་པར་ཡང་ཧོང་ཀོང་གི་སྲིད་གཞུང་དང་རྒྱ་ནག་གི་ཕྱོགས་གཏོགས་ཤོག་ཁག་གིས་གནོན་ཤུགས་ཆེན་པོ་སླེབས་བཞིན་ཡོད་ཅིང་། མནའ་འབྲེལ་ཚོགས་པ་དེའི་ཚོགས་གཙོ་དང་མགོ་འཁྲིད་རྒན་པ་རྣམས་འཛིན་བཟུང་བཀག་ཉར་ནང་ཡོད་མུས་ཡིན་སྟབས། ཉེ་བའི་ཆར་ཚོགས་པ་དེ་ཉིད་གཏན་དུ་སྒོ་བརྒྱག་རྒྱུ་ཡིན་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།