འདས་པའི་བདུན་ཕྲག་གཉིས་ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱིས་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་སྐུ་ཚབ་རྣམ་པ་ཆ་བགོས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་གཞིས་ཆགས་དང་བོད་མི་འདུས་སྡོད་ཁུལ་དུ་སྐོར་སྐྱོད་ལ་ཕེབས་ཏེ། ས་གནས་ཀྱི་ཏོག་དབྱིབས་གཉན་རིམས་འགོག་རྒོལ་གྱི་གནས་སྟངས་ལ་གཟིགས་ཞིབ་དང་། ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པར་གྲ་སྒྲིག་གནང་ཕྱོགས་སྐོར་ནས་ལམ་སྟོན་གནང་ཡོད་པ་ལྟར། དེ་རིང་ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོན་བསྟེན་དྲུང་ཆེ་དང་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་ཡོད། ནད་རླབས་དང་པོ་དང་གཉིས་པའི་སྐབས་སུ་ས་གནས་རེ་ཟུང་དུ་སྨན་པ་དང་སྨན་ཞབས་པས་ནད་པར་ལག་པ་འཆང་རོགས་མ་བྱས་པ་དང་། ཟུར་བཀག་ཁང་དུ་སྡོད་དགོས་པའི་ལམ་སྟོན་གནང་སྐབས་དཔུང་བསྒྲིགས་ནས་གཞིས་མགོ་ལ་གཅར་རྡུང་གཏོང་རྩིས་བྱས་པ་སོགས་ཀྱི་དཀའ་ངལ་བྱུང་ཡོད་པ་རྣམས་བསྐྱར་དུ་མ་ཡོང་བ་བྱེད་དགོས་པ་དང་། གལ་སྲིད་ནད་རླབས་གསུམ་པ་བསླེབ་ཚེ་ས་གནས་སོ་སོའི་ནང་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་དེ་གལ་ཆེ་ཤོས་དང་། གཉིས་པ་དེར་འཕྲོད་བསྟེན་ཐོག་དོ་སྣང་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན་པ་ལས་འཇིགས་སྣང་བྱ་རྒྱུ་དེ་སྤང་རོགས་ཞེས་འབོད་སྐུལ་གནང་འདུག
དྲི་བ། ད་ལན་དབུས་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་སྐུ་ཚབ་རྣམ་པ་རྒྱ་གར་གྱི་བོད་མིའི་གཞིས་སྒར་ཁག་ལ་གཟིགས་ཞིབ་སྐོར་སྐྱོད་གནང་བའི་གནད་འགག་གང་ལ་ཐུག་ཡོད་པ་དང་། སྐོར་སྐྱོད་ཆེད་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཆ་བགོས་ཇི་ལྟར་གནང་ཡོད་པ་རེད།
ལན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་བཅའ་ཕུལ་རྗེས་དབུས་ཀྱི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཡར་བསྐོངས་ནས་ལས་དོན་གཉིས་ཀྱི་སྒང་ལ་ཤུགས་བརྒྱབ་ཤོག་གསུངས་པ་རེད། ལས་དོན་དང་པོ་དེ་སྔོན་ཁབ་བརྒྱབ་རྒྱུ་དེ་རེད། དཔལ་ལྡན་སྲིད་སྐྱོང་གིས་སྔོན་ཁབ་བརྒྱབ་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན་པ་དང་། ལས་དོན་གཉིས་པ་དེ་ས་གནས་སོ་སོའི་སྨན་ཁང་ཆེ་ཆུང་ཚང་མ་ལ་མཐུན་རྐྱེན་རྒྱ་མ་ཆུང་བར་ག་རེ་དགོས་ཟེར་ནའང་འབུལ་དགོས་པའི་བཀའ་གནང་བ་རེད། སྔོན་ཁབ་སྐོར་ལ་སྐུ་ངོས་གསར་འགོད་གསལ་བསྒྲགས་གནང་བའི་རྗེས། དགོན་པ་དང་བླ་བྲང་། སྤྲུལ་སྐུ། སྒེར་པ། ཚོགས་སྡེ་བཅས་ཚང་མས་རོགས་པ་བྱས་ཏེ། ད་ལྟའི་ཆར་རྒྱ་གར་ནང་གནས་སྡོད་བོད་མི་བརྒྱ་ཆ་ ༩༢ ཙམ་ལ་ཁབ་བརྒྱབ་ཟིན་པ་རེད། དེ་ནས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་(ཡོ་བྱད་)མཁོ་སྤྲོད་བྱ་རྒྱུའི་ཐད། ང་ཚོས་ཕྱི་ཟླ་ ༥ ཚེས་ ༢༤ ལ་གསལ་བསྒྲགས་ཤིག་བཏང་སྟེ། རྒྱ་གར་རྒྱལ་ཡོངས་ནང་ང་ཚོའི་སྨན་ཁང་ཆེ་ཆུང་ ༤༥ ལྷག་ཡོད་པ་དེ་ཚོར་སོ་སོའི་ས་གནས་ཀྱི་བབ་དང་བསྟུན་ནས་སྔ་ས་ནས་ཏོག་དབྱིབས་ནད་རླབས་གསུམ་པའི་གྲ་སྒྲིག་གི་ཆེད་དུ་ཉོ་དགོས་པ་དག་ཉོས་ཞེས་ཞུས་པ་རེད། ཡང་བསྐྱར་ཕྱི་ཟླ་ ༧ ཚེས་ ༢༤ ལ་ས་གནས་སོ་སོར་དགོས་མཁོ་ག་རེ་ཡོད་མེད་ཀྱི་ཐོ་གཞུང་འཁུར་ཤོག་ཞུས་པ་རེད། དེར་བརྟེན་ང་ཚོའི་ངོས་ནས་ས་གནས་སོ་སོར་འདོད་པ་བཞིན་དུ་ག་ཚོད་དགོས་ལབ་དེ་བཞིན་ཕུལ་ཡོད་པ་རེད། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ས་གནས་ཁག་ལ་མཐུན་རྐྱེན་ཆ་ཚང་ཕུལ་ཟིན་པ་དང་། ས་གནས་ཁག་གིས་སྔོན་མ་ནད་རླབས་གཉིས་པ་སླེབས་པའི་སྐབས་ཉམས་མྱོང་མང་པོ་བསགས་ཟིན་པ་ལྟར། ཕྱིས་སུ་ནད་རླབས་གསུམ་པ་སླེབས་པའི་ཚེ། སྐབས་དེར་ས་གནས་སོ་སོའི་མི་འབོར་ལ་དཔག་པའི་ཉལ་ཁྲི་དང་ཟུར་བཀག་ཁང་། ལུས་གསོ་ནད་བཅོས་ཁང་ག་ཚོད་དགོས་མིན་སོགས་ཀྱི་ཐད་ལམ་སྟོན་ཆ་ཚང་བཏང་ཟིན་པ་དང་། དེའི་ཐོག་ཁབ་ཀྱང་བརྒྱ་ཆ་ ༩༢ ལྷག་བརྒྱབ་ཡོད་སྟབས། ས་གནས་སོ་སོས་གྲ་སྒྲིག་འཐུས་ཚང་བ་ཞིག་བྱས་ཡོད་མེད་རྟོག་ཞིབ་ཀྱི་ཆེད་དུ་སྐོར་སྐྱོད་བྱས་ན་ཡག་པོ་འདུག་ཅེས་བཀའ་གནང་པ་རེད། དེའི་རྐྱེན་པས་ང་ཚོས་ལྷོ་ཕྱོགས་ཀྱི་ས་ཁུལ་ལ་(འཕྲོད་བསྟེན་ལས་ཁུངས་ཀྱི་)དྲུང་གཞོན་ཀུན་བཟང་ལགས་དང་། ལྷོ་སྤྱི་རྣམ་པ་གཉིས་ཀྱིས་སྐོར་སྐྱོད་བྱས་ཏེ། ས་གནས་ཁག་ལ་ནད་འགོག་རང་སྲུང་གྱོན་ཆས་ཀྱིས་མཚོན་པའི་མཐུན་རྐྱེན་རིགས་དང་ཟུར་བཀག་ཁང་ཇི་ཡོད་སོགས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱས་པ་རེད། དེ་ནས་སྡེ་ཚན་གཉིས་པ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས། སྨན་པ་བཟང་མོ་ལགས། འཕྲོད་བསྟེན་གྱི་ལས་བྱེད་དབང་གྲགས་ལགས་བཅས་བཞི་ཡིས་མ་ན་ལི་ནས་མགོ་བརྩམས་ཏེ། ཧི་མ་ཅལ་ཁུལ་གྱི་དགོན་སྡེ་ཁག་དང་གཞིས་ཆགས་ཁག་ཚང་མར་ཞིབ་འཇུག་བྱས་པ་རེད། དེ་ནས་རྒྱ་གར་བྱང་ཤར་ཁུལ་ལྟ་བུ་ཡིན་ན། སྐབས་དེ་དུས་ཊི་ཛུ་ཁུལ་དུ་ཉིན་གཅིག་ལ་ནད་པ་ ༦༠ རེ་ཐོན་ཏེ་གནས་སྟངས་ཅུང་ཛ་དྲག་ཆགས་པར་བརྟེན། འཕྲོད་བསྟེན་དྲུང་ཆེ་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་གསུམ་བྱང་ཤར་ཁུལ་དང་། དབུས་ཀྱི་གཞིས་ཆགས་གསུམ་ལྡི་ལི་དང་བཅས་པ་ཁྱོན་ས་ཁུལ་ ༡༢ ལ་སྐོར་སྐྱོད་བྱས་པ་ཡིན། སྐོར་སྐྱོད་ཚར་རྗེས་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྡེ་ཚན་སོ་སོའི་གནས་སྟངས་ཞུ་སྐབས། མང་ཆེ་བར་དགོས་མཁོའི་དངོས་པོ་དང་མཐུན་རྐྱེན་གྱི་ཆ་ནས་དཀའ་ངལ་གང་ཡང་མེད་པར་འགའ་ཤས་ཀྱིས་ཁང་པ་དེ་ཚོ་ཅ་དངོས་ཀྱིས་བཀངས་ནས་བཞག་འདུག ཡིན་ནའང་བྱེད་སྟངས་མ་ཤེས་པའི་གནས་སྟངས་ཕྲ་ལ་ཕྲན་བུ་ཡོང་གི་འདུག སྤྱིར་ང་ཚོས་སྐོར་སྐྱོད་བྱེད་སྐབས་ཚོགས་མི་རྣམས་ཀྱིས་ས་གནས་སོ་སོར་ཟུར་བཀག་སྡོད་ཡུལ་ག་ཚོད་ཡོད་མེད་དང་། ནད་པ་འདྲེན་འཁོར་ཡོད་མེད་སོགས་དོན་ཚན་ ༦ གི་ཐོག་ལ་ཞིབ་འཇུག་བྱས་པ་རེད། དེ་ནས་ལ་དྭགས་ལ་མཚོན་ན། དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་ལ་ཆིབས་བསྒྱུར་གནང་གི་ཡོད་པར་བརྟེན། ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་ཚོགས་མི་ཆེད་མངག་འགྲོ་མི་དགོས་པར་སྲིད་སྐྱོང་མཆོག་དང་ཁོང་དང་ལྷན་དུ་ཕེབས་པའི་ལས་བྱེད་རྣམ་པས་གནང་རྒྱུ་བྱས་པ་རེད། ད་ལྟའི་ཆར་ལྡེ་ར་རྡུན་ཁུལ་དང་ས་གནས་ཆུང་བ་རེ་ཟུང་མ་གཏོགས་གཞན་ཚང་མར་སྐོར་སྐྱོད་བྱས་ཟིན་པ་དང་། དེ་དག་ཀྱང་ཡོང་རྒྱུའི་གཟའ་འཁོར་ནང་གྲོས་བསྡུར་བྱས་ཏེ་སྐོར་སྐྱོད་བྱ་རྒྱུ་ཡིན།
དྲི་བ། སྐུ་ཚབ་རྣམ་པས་རྒྱ་གར་གྱི་བོད་མིའི་གཞིས་ཆགས་མང་པོར་གཟིགས་ཞིབ་སྐོར་སྐྱོད་གནང་ཟིན་པར་བརྟེན། འདས་པའི་ནད་རླབས་དང་པོ་དང་གཉིས་པའི་སྐབས་སུ་དོ་ཕོག་ཤུགས་ཆེ་ཤོས་ཐེབས་སའི་ས་ཁུལ་གང་དག་ཆགས་ཀྱི་འདུག ནད་རླབས་གསུམ་པའི་སྐབས་དེ་ལྟར་མི་ཡོང་བར་དམིགས་བསལ་ལམ་སྟོན་དང་ཐབས་ལམ་ག་རེ་གནང་ཡོད་པ་རེད།
ལན། ནད་ཡམས་འདིའི་གནས་སྟངས་དེ་མང་ཆེ་བ་ས་གནས་སོ་སོས་རང་འགུལ་གྱི་ཐོག་ནས་བྱ་རྒྱུ་དེ་རེད། དབུས་ནས་ལམ་སྟོན་དང་དངུལ་གྲོན་གཏོང་རྒྱུ་མ་གཏོགས། དབུས་ནས་མི་ཕྱིན་ནས་རྙོག་དྲ་ཐག་གཅོད་རྒྱུ་དེ་འདྲ་གང་ཡང་ཡོད་པ་མ་རེད། ས་གནས་སོ་སོའི་འགན་འཁྲི་པའི་ལས་བྱེད་དང་སྨན་ཞབས། སྨན་པ། དབང་ལྡན་གྱི་གཞིས་གྲོང་སོ་སོའི་འཐུས་མི་དང་། དགོན་སྡེ་སོ་སོའི་ཕྱག་མཛོད་བཅས་ཀྱིས་གནང་རྒྱུ་རྐྱང་རྐྱང་རེད། དེར་བརྟེན་ནད་རླབས་དང་པོ་དང་གཉིས་པའི་སྐབས་ཁོང་རང་ཚོས་ཡག་ཐག་ཆོད་གནང་འདུག དཔེར་ན་ང་ཚོ་འགྲོ་སའི་ས་ཁུལ་ལྟ་བུ་ཡིན་ན་ཚོགས་ཆུང་དེ་ཚོས་དྷ་རམ་ས་ལ་དང་བསྡུར་ན་ལྡབ་ལོག་གིས་གནས་སྟངས་དང་སྒྲིག་འཛུགས་དམ་པོ་བསྲུངས་འདུག འདས་པའི་གནས་སྟངས་ལ་བལྟས་ན་མོན་གྷོ་དང་ལ་དྭགས། ལྡི་ལི་དེ་ཚོ་མི་འབོར་ཆེ་བའི་རྐྱེན་གྱིས་གནས་སྟངས་སྡུག་པ་བྱུང་ཡོད། མི་འབོར་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད། ནད་རླབས་གཉིས་ཀྱི་ཉམས་མྱོང་ལྟར་ན། མང་པོ་ཞིག་གིས་དཔེར་ན་ཁྱིམ་མཚེས་ལྟ་བུ་ན་དུས་དངངས་སྐྲག་བྱས་ཏེ། ནད་པར་རོགས་པ་བྱ་རྒྱུའི་ཚབ་ཏུ་ག་ཚོད་ཐུབ་ཐུབ་ཀྱིས་གཡོལ་ཐབས་བྱེད་ཀྱི་འདུག ད་ང་ཚོས་འཇིགས་སྣང་བྱ་རྒྱུའི་ཚབ་ལ་ཕན་ཚུན་རོགས་པ་བྱ་རྒྱུ་དེ་མང་ཙམ་བྱེད་རྒྱུ་དང་། སོ་སོ་ལ་ནད་ཡམས་མི་འགོ་བའི་ཆེད་དུ་གྱོན་རྒྱུ་དང་བཟའ་རྒྱུ་སོགས་ལ་དོ་སྣང་འཐུས་ཚང་བྱེད་དགོས་ཀྱི་འདུག དེ་ལས་གལ་ཆེ་བ་ནི་རྩ་བའི་ང་ཚོ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་མི་སེར་ཡིན་པར་བརྟེན། ང་ཚོའི་སེམས་ནང་ཕ་རོལ་ནད་པ་དེར་བྱམས་དང་སྙིང་རྗེ་དང་། ཕ་རོལ་པོར་རོགས་པ་བྱེད་དགོས་ཀྱི་ཡོད་པའི་ཚོར་བ་དེ་ཚང་མའི་སེམས་ནང་ཤུགས་ཆེན་པོ་ཡོད་ན། དེ་ཙམ་སྡུག་པོ་ཡོང་གི་མ་རེད་བསམ་གྱི་འདུག ཡིན་ནའང་། མང་པོ་ཞིག་གིས་དཔེར་ན་སྨན་ཞབས་ནང་ལ་ཕྱག་ལས་གནང་མཁན་གྱི་ཕ་མ་སྤུན་མཆེད་དེ་ཚོས། ཁྱེད་རང་གཉན་རིམས་ ༡༩ ཡི་ནད་པ་དེ་ཚོ་ལ་ཁྱོན་ནས་ལག་པ་མ་འཆང་ཨ་ཞེས་བཤད་པའི་རྐྱེན་གྱིས། སྨན་ཞབས་པ་དེ་ཚོས་ལག་པ་མ་འཆང་པའི་གནས་ཚུལ་དེ་འདྲ་བྱུང་འདུག གནས་ཚུལ་དེ་ང་ཚོ་སྐོར་སྐྱོད་བྱ་ས་ལ་མི་འདུག་སྟེ། སྡེ་ཚན་གཞན་གྱི་སྐོར་སྐྱོད་ས་ཁུལ་དུ་བྱུང་འདུག དེར་བརྟེན། སྨན་ཞབས་པ་དང་སྨན་པ་ཚོས་སློབ་སྦྱོང་བྱེད་པའི་སྐབས་སུ། ནད་པ་ཞིག་སླེབས་སོང་ན་རིགས་རུས་ཕོ་མོ་དབྱེར་མེད་དང་ན་ཚ་ཆེ་ཆུང་ལ་མ་ལྟོས་པར་ཡ་ལན་དང་སྨན་བཅོས་བྱ་རྒྱུ་དེ་ཁོང་ཚོའི་ཐོག་མའི་དམ་བཅའ་དེ་རེད། སོ་སོས་དམ་བཅའ་དེ་དྲན་གསོ་དགོས་རེད། ཕ་མ་དང་གཉེན་སྤུན་ཚོས་ཀྱང་ཏོག་དབྱིབས་གཉན་རིམས་དེ་འགོས་ན་ཧ་ལམ་མི་ཚེ་གང་པོ་ན་ཚ་དེ་གཟུགས་པོའི་ནང་སྡོད་ཀྱི་ཡོད་པའི་བཟོ་ལྟ་བུའི་ཞེད་སྣང་བྱས་ནས་བཀག་འགོག་བྱས་པར་བརྟེན། སྨན་ཞབས་པ་མདུན་ལ་ཐོན་ནས་རོགས་པ་མ་བྱས་པ་དེ་འདྲ་བྱུང་འདུག ང་ཚོས་བསམ་བློ་གཏོང་སྟངས་དེ་ཚོའི་རིགས་དེ་ཧ་ཅང་སྐྱོ་བོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། སློབ་སྦྱོང་བྱས་པ་དེ་དང་། སོ་སོས་སློབ་སྦྱོང་བྱས་པའི་འབྲས་བུ་དེ་བཀོལ་སའི་ས་ཆ་དེར་བཀོལ་མ་ཐུབ་པའི་གནས་སྟངས་ཡོང་གི་ཡོད་པ་རེད། གཉིས་པ་དེ་ལ་ང་ཚོ་ཚང་མ་ནང་པ་ཡིན། གཞན་ཕན་གྱི་སེམས་ཡོད་ཟེར་མཁན་དེ་ཚོས་གཞན་ལ་རོགས་པ་བྱེད་རྒྱུའི་ཚབ་ལ་གཡོལ་ཐབས་བྱེད་པ་དེ་ནད་རླབས་དང་པོ་དང་གཉིས་པའི་སྐབས་རེ་ཟུང་བྱུང་འདུག དེར་བརྟེན་ནད་རླབས་གསུམ་པའི་སྐབས་ང་ཚོས་ཕན་ཚུན་ལ་རོགས་པ་བྱེད་རྒྱུ་དང་དོ་སྣང་བྱེད་རྒྱུ་དེ་གལ་ཆེ་ཤོས་ཆགས་འདུག དོ་སྣང་དེ་ཡང་ནད་ཡམས་དེ་ས་ཆ་གང་དུ་ཁྱབ་ཀྱི་ཡོད་མེད་དང་། སུ་ལ་རོགས་རམ་བྱེད་དགོས་ཀྱི་ཡོད་མེད་ཐོག་རེད། མི་སྒེར་ཞིག་ཡིན་ནའང་རང་ཉིད་སྨན་པ་དང་སྨན་ཞབས་པ་མིན་བསམ་པ་བྱ་རྒྱུ་མི་འདུག རང་གི་གྲོང་པ་ཁྱིམ་མཚེས་ལ་ཁ་ཕན་ཚིག་ཕན་ཞིག་མེད་ནའང་ཆུ་དགོས་ཀྱི་འདུག་གམ། ཁ་ལག་ཉོ་དགོས་ཀྱི་འདུག་གམ། དེ་ནས་རོགས་པ་ག་རེ་བྱེད་དགོས་འདུག་གམ་ཞེས་འདྲི་ཐུབ་ན་ཡག་པོ་འདུག དེ་མ་བྱེད་པར། ཕལ་ཆེར་དེ་ཞེད་སྣང་ཆེན་པོ་ཡིན་པའི་བཟོ་ལྟ་བུ་བྱས་ཏེ། ནམ་རྒྱུན་འདྲིས་པོ་ཡོད་ནའང་སྐད་ཆ་མ་བཤད་ནས་ཐོན་འགྲོ་དུས། ཕར་ཕྱོགས་ཀྱི་སེམས་ཁམས་དེ་ལ་ཞེ་དྲགས་གནོད་ཀྱི་འདུག དེར་བརྟེན་ང་ཚོ་འཕྲོད་བསྟེན་ལས་ཁུངས་ངོས་ནས་ནད་རླབས་གསུམ་པའི་སྐབས་སུ་ས་གནས་སོ་སོའི་ནང་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་དེ་གལ་ཆེ་ཤོས་དང་། གཉིས་པ་དེར་དོ་སྣང་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན་པ་ལས་འཇིགས་སྣང་བྱ་རྒྱུ་དེ་སྤང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
དྲི་བ། དེ་མ་ཡིན་པའི་ས་གནས་ཁག་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཐད་ལ་དཀའ་ངལ་ཆེ་ཤོས་སམ་གདོང་ལེན་བྱེད་དགོས་པའི་གནད་དོན་གཙོ་བོ་ག་རེ་གཟིགས་སོང་། དེ་བཞིན་དབུས་ནས་ཐབས་ཤེས་ཡོད་རྒུ་གནང་ནའང་ས་གནས་ཁག་ལ་མུ་མཐུད་འཕྲད་ངེས་ཡིན་པའི་དཀའ་ངལ་ག་རེ་གཟིགས་སོང་།
ལན། སྡེ་ཚན་གཞན་དང་ང་ཚོ་སྐོར་སྐྱོད་བྱ་སའི་ས་ཁུལ་ནང་དུ། ས་གནས་མགོ་འཛིན་དང་ལས་ཀ་བྱེད་མཁན་ཚོའི་ཁ་ལ་མ་ཉན་པར། ཟུར་བཀག་སྡོད་དགོས་ཀྱི་རེད་ཟེར་དུས་ཟུར་བཀག་ལ་མ་བསྡད། ཟུར་བཀག་འོག་བསྡད་པ་ཡིན་ནའང་ནང་མི་རྣམས་ལ་ཐུག་འཕྲད་དུ་འགྲོ་བ་དང་། དེ་ལྟར་བྱ་ཆོག་གི་མ་རེད་ཟེར་དུས་ཚུར་འཁྲུག་པ་བརྒྱབ་སྟེ། དཔུང་བསྒྲིགས་ནས་ས་གནས་མགོ་འཛིན་ལ་ཧ་ལམ་ཉེས་རྡུང་གཏང་གི་ཡིན་མདོག་མདོག་གི་རྣམ་འགྱུར་བསྟན་འདུག དེ་ཚོ་ཐབས་སྐྱོ་པོ་ཞེ་དྲག་རེད། གང་ཡིན་ཟེར་ན། སོ་སོ་དང་ནང་མིའི་འཕྲོད་བསྟེན་ཆེད་དུ་ཟུར་བཀག་ནང་བཞུགས་ཡོད་པ་རེད། དེ་ཕལ་ཆེར་ས་གནས་མགོ་འཛིན་གྱིས་ནག་པོ་བྱས་སོང་བསམ་ནས་འཁྲུག་པ་རྒྱག་པ་དང་། དེ་ནས་གཅིག་དང་གཉིས་བྱས་ནས་མང་པོས་རྩིས་མེད་བཏང་ན། ས་གནས་ཀྱི་ཟུར་བཀག་ཁང་གི་སྒྲིག་གཞི་དེ་ལུག་འགྲོ་ཡི་རེད། དེ་ལྟར་ལུག་པ་ཡིན་ན་ཕྱི་ནས་ཡོང་མཁན་ཚང་མ་སོ་སོའི་ནང་ལ་སྡོད་ཀྱི་ཡིན་ཟེར་གྱི་རེད། དེ་ནས་ན་ཚ་དེ་གཞིས་ཆགས་ཡོངས་ལ་ཁྱབ་པ་ཡིན་ན། དབུས་ནས་ས་གནས་མགོ་འཛིན་ལ་འདྲི་ཡི་རེད། གནས་ཚུལ་དེའི་རིགས་མེའོ་དང་བསྟན་འཛིན་སྒང་ལ་བྱུང་འདུག
དྲི་བ། འབྱུང་འགྱུར་གནས་ཚུལ་དེའི་རིགས་བྱུང་ཚེ། དེར་ཐག་གཅོད་ཇི་ལྟར་གནང་རྒྱུ་ཡིན་ནམ།
ལན། ནད་ཡམས་དང་འགོས་ནད་ཀྱི་རིགས་དེ་སྒྲིག་རང་སྲུང་དང་སྡོམ་པ་རང་འཁུར་བྱེད་རྒྱུ་རེད་མ་གཏོགས། དབུས་ནས་ཉེས་པ་བཏང་ནས་ཕན་ཐོགས་རྩ་བ་ནས་ཡོང་གི་མ་རེད། ཉེས་པ་བཏང་པའི་དབང་དུ་བཏང་ནའང་ལན་པོ་ཡོད་པ་མ་རེད། དེ་ཚོའི་རིགས་དེ་རང་གི་འཕྲོད་བསྟེན་དང་རང་གི་སྤྱི་ཚོགས་ལ་འགན་འཁུར་མེད་པའི་རྟགས་མཚན་རེད། རྒྱུན་དུ་སྤྱི་ཚོགས་ལ་འགན་མ་འཁུར་བར་སྒེར་དོན་རང་ལ་བསམ་བློ་གཏོང་མཁན་དེས་གུང་གསེང་གི་ཉི་མ་འཕྲོ་བརླག་འགྲོ་ཡི་འདུག་བསམ་པའི་དབང་གིས་རྙོག་དྲ་དེ་དག་ཡོང་གི་ཡོད་པ་རེད། རྙོག་དྲ་དེའི་མཇུག་འབྲས་གང་རེད་ཟེར་ན་སྒྲིག་འཛུགས་ལུག་འགྲོ་ཡི་ཡོད་པ་རེད། སྒྲིག་འཛུགས་ལུག་ཚར་བའི་རྗེས་ལ་ནད་ཡམས་ཁྱབ་གདལ་འགྲོ་ཡི་ཡོད་པ་རེད། དེར་བརྟེན། ང་ཚོའི་མི་མང་དང་ལྷག་པར་དུ་གུང་གསེང་འགྲོ་མཁན་དང་སུད་ཚོང་ནས་ལོག་ཡོང་མཁན་ཚོས་གནས་ཚུལ་འདིའི་རིགས་སོ་སོས་དགོངས་པ་བཞེས་དགོས་པ་ལས། རྒྱ་མི་ནང་བཞིན་དབང་ཆ་གཅིག་བསྡུས་ཀྱིས་ཉེས་པ་གཏོང་ས་དེ་འདྲ་ཡོད་པ་མ་རེད། འུ་ཐུག་ན་སྐོར་སྲུང་བ་ལ་སྙན་སེང་ཞུ་རྒྱུ་དེ་རེད། སྐོར་སྲུང་བས་རྒྱ་གར་རྒྱལ་ཡོངས་ཀྱི་ནད་ཡམས་ཀྱི་འགྲོ་སྟངས་ཤིག་ཡོད་པ་རེད། དེ་ཁྲིམས་འགལ་ཆགས་ན་ཉེས་པ་ཆེན་པོ་ཡོད་པ་རེད་མ་གཏོགས། དེ་མིན་དབུས་ནས་ས་གནས་མགོ་འཛིན་ལ་ཉེས་པ་གཏོང་དུ་འཇུག་རྒྱུ་དེ་འདྲ་འཆར་གཞི་མེད་ལ། མ་འོངས་པར་ཡོང་གི་མ་རེད་བསམ་གྱི་འདུག
དྲི་བ། བོད་མིའི་གཞིས་ཆགས་ཁ་ཤས་ནང་ཁང་པའི་མཐུན་རྐྱེན་སོགས་འདང་ངེས་ཡོད་ནའང་། སྨན་པ་དང་སྨན་ཞབས་ཀྱིས་མཚོན་པའི་མི་ཆའི་ཐོག་ནས་དཀའ་ངལ་འཕྲད་ཀྱི་འདུག་གསུངས་ཡོད་དུས། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་དཀའ་ངལ་དེ་སེལ་ཐབས་ག་འདྲ་གནང་གི་ཡོད་པ་རེད།
ལན། མི་ཆའི་དཀའ་ངལ་དེ་དངོས་ཡོད་གནས་ཚུལ་རེད། དཔེར་ན་ང་རང་སྐོར་སྐྱོད་བྱ་སའི་གཞིས་ཆགས་ཆེ་བ་མེའོ་ལྟ་བུར་མཚོན་ན་སྨན་པ་ཡོད་པ་མ་རེད། དེ་སྔ་ཡོད་རེད་དེ་ནད་རླབས་གཉིས་པ་ཚར་བ་དང་དགོངས་པ་ཞུས་ནས་ཕེབས་པ་རེད། ཨོ་རི་ས་ལ་སྨན་པ་ཡོད་པ་དེ་ཀོ་ལི་གྷལ་ལ་གནས་སྤོས་བཏང་ནས་ད་ལྟ་ཡོད་པ་མ་རེད། སྨན་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། མི་ཆའི་མཐུན་རྐྱེན་ཐད་ནས་སྤྱིར་བཏང་རྒྱ་གར་རྒྱལ་ཡོངས་ནང་ང་ཚོར་སྨན་ཞབས་པ་མ་འདང་པའི་དཀའ་ངལ་མི་འདུག་ཀྱང་། ང་ཚོའི་སྨན་པའི་སློབ་སྦྱོང་ཐོན་ཚར་བ་དེ་ཚོས་ཁྲིམས་ཐོག་གི་གན་རྒྱ་གཞིར་བཟུང་ལོ་གསུམ་ཞབས་ཕྱི་ཞུས་ཚར་བ་དང་རྔམས་སེམས་ལྟ་བུ་བྱས་ནས་མར་འཐོན་འགྲོ་ཡི་ཡོད་དུས། ལ་དྭགས་ལྟ་བུ་སྨན་པ་མེད་པའི་ས་ཁུལ་མང་པོ་རེད། དེར་བརྟེན་མཐུན་རྐྱེན་སྒྲིག་སར་འགྲོ་དུས་སྒྲིག་ཐབས་མེད་པ་ཞིག་རེད་འདུག སྨན་པ་ཡོད་པ་དེ་ཚོ་ནི་མར་ཐོན་ཚར་བ་རེད། དུས་ཡུན་ལོ་གསུམ་ཚང་བ་དང་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་ལྟ་བུ་ཟེར་ནས་མར་དགོངས་པ་ཞུས་པ་རེད། ཁྲིམས་ཐོག་ནས་ཀྱང་དགོངས་པ་ཞུ་ཆོག་གི་ཡོད་པ་རེད། དེར་བརྟེན་ད་ལྟ་གསར་པ་ཞིག་འཚོལ་དུ་འགྲོ་ཡི་ཡོད་པ་རེད། འདས་ལོ་ནས་ད་བར་སྨན་པ་གསར་པ་བཙལ་ཡོད་ནའང་སྨན་པ་གཅིག་གཉིས་མ་གཏོགས་རག་མེད་པ་རེད། སྨན་ཞབས་པ་ལྟ་བུར་མཚོན་ན། མཚམས་རེར་ས་གནས་ཀྱི་གནས་སྟངས་ཛ་དྲག་བྱུང་དུས་སྐབས་འཕྲལ་སྨན་ཞབས་པ་ལྔ་དྲུག་བསྐོས་ལབ་དུས་ས་གནས་ཕལ་ཆེ་བས་བསྐོ་ཐུབ་ཀྱི་འདུག མི་ཆས་འདང་གི་མི་འདུག་ཟེར་བ་དེ་ངས་ཕལ་ཆེ་བ་སྨན་པ་ལ་ཟེར་གྱི་ཡོད།
དྲི་བ། ས་གནས་མགོ་འཛིན་ལྟ་བུ་ངེས་བརྟན་མེད་པའི་ཁ་ཐོར་གྱི་ས་གནས་ཁག་ལ་དབུས་ནས་གཉན་རིམས་འགོག་རྒོལ་ཐད་སྟངས་འཛིན་ལམ་སྟོན་གང་འདྲ་གནང་གི་ཡོད་དམ།
ལན། རྩ་བའི་ང་ཚོས་ཤིས་ལོང་ཁུལ་དུ་འགྲོ་རྒྱུ་བྱས་ཡོད་ན། བར་སྐབས་དེར་ས་གནས་སུ་སྐོར་སྲུང་བ་དང་སློབ་ཕྲུག་དབར་ལ་འཁྲུག་པ་ཤོར་ཏེ་སྒོ་རྒྱ་བསྡམས་པའི་གནས་ཚུལ་བྱུང་བར་བརྟེན་ནས་ས་གནས་ལ་དངོས་སུ་བསྐྱོད་ཐུབ་མེད་པ་རེད། དེ་མིན་རྡོ་རྗེ་གླིང་དང་། ཀ་ལིམ་པོང་། སྒང་ཏོག་བཅས་ཁ་འཐོར་གཞིས་ཆགས་གཞན་ལ་སྐོར་སྐྱོད་བྱེད་ཐུབ་ཡོད། འོན་ཀྱང་ཁ་འཐོར་མང་པོ་ཞིག་སོ་སོའི་གཞིས་ཆགས་ཀྱི་སྒྲིག་འཛུགས་ནང་མ་འཛུལ་ནས་བསྡད་ཡོད་པ་རེད། གཞུང་གི་སྒྲིག་འཛུགས་ནས་ལྟ་རྟོག་གཅིག་མཚུངས་བྱེད་དགོས་ཀྱི་རེད་དེ། ས་ཁུལ་རྨི་ཊར་བཞི་བཅུ་ལྷག་ནང་བོད་མི་ཁྱིམ་ཚང་གཅིག་དང་། ས་ཁུལ་རྒྱང་ཐག་སྤྱི་ལེ་ཕྱེད་ཀ་ནང་བོད་མི་ཁྱིམ་ཚང་གཅིག་ལྟ་བུའི་ནང་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་འབུར་དུ་ཐོན་ནས་ཕྱག་ལས་གནང་ཐུབ་ཐབས་ཡོད་པ་མ་རེད། དཔེར་ན་རྡོ་རྗེ་གླིང་ལྟ་བུར་ཡིན་ན་དེའི་ཁྱབ་ཁོངས་ལ་ཁ་འཐོར་ ༡༧ ལྷག་ཡོད་པ་རེད། དེ་བཞིན་སྒང་ཏོག་ལ་ ༢༥ དང་། ཀ་ལིམ་པོང་ལ་ ༨ ཙམ་ཡོད་པ་རེད། དེར་བརྟེན་གཞིས་ཆགས་ལས་ཁུངས་ཀྱི་མཁྲིས་ལ་མེད་པ་དེ་ཚོར་ལྟ་ཐུབ་རྒྱུ་ཁག་པོ་ཞེ་དྲག་ཡོད་པ་རེད། ལྷག་པར་དུ་སྒོ་རྒྱ་བསྡམས་པའི་ཁ་ཐུག་དེར་ས་གནས་མགོ་འཛིན་ཁོ་རང་ཡང་ཕྱི་ལ་འགྲོ་ཆོག་གི་ཡོད་པ་མ་རེད། དེར་བརྟེན་ཁ་ཐོར་དེ་ཚོ་ལ་ང་ཚོས་འབུར་དུ་ཐོན་ནས་ལྟ་རྟོག་བྱེད་ཐུབ་ཀྱི་མི་འདུག ཡིན་ནའང་དེ་སྔ་ཀ་ལིམ་པོང་ལ་རྒན་འཁོགས་རྣམས་ལ་ལྟ་རྟོག་གི་ཆེད་དུ་སྨན་ཞབས་པ་ཞིག་བསྐོ་རོགས་གསུངས་པ་ལྟར་གཅིག་བསྐོ་ཐུབ་པ་བྱུང་ཡོད། ཉེ་ཆར་སྒང་ཏོག་གིས་ཀྱང་དེ་འདྲ་རེ་སྐུལ་ཞིག་འབྱོར་བ་དེར་བསམ་གཞིག་བྱ་རྒྱུ་ཡིན། འོན་ཀྱང་རྒྱ་ཆེ་དྲགས་པའི་རྐྱེན་གྱིས་དེས་ག་ཚོད་ཕན་ཐོགས་མིན་བཤད་ཚོད་ཐིག་གི་མི་འདུག གང་ཡིན་ཟེར་ན། གཞིས་ཆགས་ལས་ཁུངས་ནས་ཁ་འཐོར་གཅིག་དབར་འགྲོ་བ་ལ་སྤྱི་ལེ་ ༣༠ དང་ ༧༠། ས་ཆ་འགའ་ཤས་ལ་སྤྱི་ལེ་ ༡༥༠ དེ་འདྲ་འགྲོ་དགོས་ཀྱི་ཡོད་པ་རེད། འོན་ཀྱང་ཀ་ལིམ་པོང་ལྟ་བུར་མཚོན་ན། རྒྱ་གར་གཞུང་གི་སྨན་པ་གཙོ་བོ་དེ་བོད་པ་རེད། འདས་ལོར་ཁོང་རང་གིས་ང་ཚོར་ཞལ་པར་གནང་སྟེ་རྩ་བ་ཉིད་ནས་སེམས་ཁྲལ་གནང་དགོས་ཀྱི་མ་རེད། ང་ཚོའི་ངོས་ནས་བོད་མི་ཚོར་ལྟ་རྟོག་མེད་པར་འཇོག་གི་མ་རེད་ཅེས་གསུངས་བྱུང་། གཉིས་པ་དེར་ཁ་ཐོར་ནང་གི་གཞོན་ནུ་དང་བུད་མེད། རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཚོགས་སྡེ་ཁག་གིས། ས་མགོ་ལས་ཁུངས་ཡོད་པའི་གཞིས་ཆགས་ཀྱི་ཚོགས་སྡེ་ལས་ཀྱང་གཞིས་མགོ་ལ་མཉམ་རུབ་ལྷག་པ་བྱེད་ཀྱི་འདུག ང་རང་ཁ་འཐོར་ལ་གཞིས་མགོ་བྱས་ནས་མང་པོ་བསྡད་པ་རེད། དེ་ཚོའི་ནང་གིི་ཚོགས་སྡེ་དེ་ཚོ་ག་དུས་ཤོག་ལབ་ནའང་ལས་བྱེད་ནང་བཞིན་རྒྱུག་ཡོང་གི་རེད། རྡོ་རྗེ་གླིང་ནང་མཚོན་ན། ས་གནས་མགོ་འཛིན་དང་ཚོགས་སྡེ་ཁག་གི་རེ་སྐུལ་ཞུས་པ་བཞིན། རྒྱ་གར་གྱི་སྒེར་པའི་སྨན་ཁང་ཆེན་པོ་ཞིག་ནང་ལས་ཀ་བྱེད་མཁན་གྱི་བོད་མི་སྨན་ཞབས་པས་འགན་འཁུར་ནས་བོད་མིའི་ཁྲོད་ནས་ཏོག་དབྱིབས་གཉན་རིམས་ཕོག་པ་དང་། གཉན་རིམས་མ་ཕོག་པའི་བོད་མི་རྒན་འཁོགས་ཧྲང་ཧྲང་དེ་ཚོར་རོགས་རམ་བྱེད་ཀྱི་འདུག དེར་བརྟེན། ཁ་འཐོར་ལ་ང་ཚོས་ཆེད་དུ་ཟུར་འཇོག་ཁང་དང་། ལུས་གསོ་ནད་བཅོས་ཁང་ལྟ་བུ་འཛུགས་ཐུབ་ཀྱི་མེད་པ་ཙམ་ལས། ཕན་ཚུན་ལ་རོགས་པ་བྱེད་རྒྱུ་དེ་གཞན་ལས་བཟང་བ་འདུག་ཞུ་རྒྱུ་ཡིན།
དྲི་བ། ད་ལན་བལ་ཡུལ་ནང་སྐོར་སྐྱོད་ལ་ཕེབས་མ་ཐུབ་པའི་རྒྱུ་མཚན་གང་ཡིན་པ་དང་། འབྱུང་འགྱུར་ཕེབས་རྒྱུའི་ཐུགས་རེ་གནང་གི་ཡོད་མེད། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་བལ་ཡུལ་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ལ་གཟིགས་ཞིབ་ག་འདྲ་གནང་གི་ཡོད་པ་རེད།
ལན། བལ་ཡུལ་གྱི་གནས་སྟངས་དེ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་པ་རེད། འགྲོ་ཐུབ་དང་མ་ཐུབ་བྱེད་པ་ཡིན་ན་མ་ཐུབ་པའི་བརྒྱ་ཆ་དེ་མང་བ་ཡོད་རེད། ང་ཚོ་འགྲོ་ན་ཁྲིམས་མཐུན་ཐོག་ནས་འགྲོ་དགོས་ཀྱི་ཡོད་པ་རེད། ཁྲིམས་མཐུན་འགྲོ་བའི་ལམ་ཀ་དེ་ཧ་ཅང་ཁག་པོ་ཡོད་རེད། ཡང་རྩ་བའི་ཁྲིམས་འགལ་བྱས་ནས་འགྲོ་ཐུབ་པ་ཡོང་སྲིད་ཀྱི་རེད་དེ། དེའི་འགན་སུས་འཁུར་ཐུབ་ཀྱི་རེད། དེར་བརྟེན་བལ་ཡུལ་ནང་སྐོར་སྐྱོད་དུ་འགྲོ་རྒྱུ་བསམ་བློ་ལ་ཡོད་ནའང་ཁྲིམས་ཐོག་ནས་དཀའ་ངལ་ཞེ་དྲགས་ཡིན་དུས། དེ་འགྲོ་ཐུབ་རྒྱུ་ཁག་པོ་ཞེ་དྲགས་རེད་བསམ་གྱི་འདུག དབུས་ནས་བལ་ཡུལ་ལ་སྐོར་སྐྱོད་འགྲོ་དགོས་མིན་ལ་མ་ལྟོས་པར། བལ་ཡུལ་གྱི་དོན་གཅོད་དང་གངས་ལྗོངས་བདེ་རྩ། ས་གནས་མགོ་འཛིན་རྣམ་པ་བཅས་ཀྱིས་ཧྲ་ཐག་ཐག་གནང་གི་འདུག ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོར་དྲ་ལམ་བརྒྱུད་ནས་ད་ལྟ་བལ་ཡུལ་གྱི་གནས་སྟངས་གང་འདྲ་ཡིན་མིན་དང་། ད་དུང་དགོས་མཁོ་ཇི་ཡོད་སོགས་ཀྱི་ཐད་ལ་ཁོང་ཚོ་ལྷན་དུ་ཚོགས་འདུ་ཞིག་འཚོགས་པ་ཡིན། ཁོང་ཚོའི་སྤྱི་ཡོངས་ཀྱི་གནས་སྟངས་དང་སྔོན་ཁབ་བརྒྱབ་པའི་གནས་སྟངས་ཡག་ཐག་ཆོད་འདུག དེ་ནས་བོད་མིའི་སྒྲིག་འཛུགས་འདི་འགྲོ་སྐྱོད་བསྡད་གསུམ་ལ་ཁྲིམས་དང་མཐུན་པ་ཞིག་དགོས་ཀྱི་རེད་ཟེར་དུས། ང་ཚོ་ཁྲིམས་དང་མཐུན་པའི་ཐོག་ནས་བལ་ཡུལ་ལ་སྐོར་སྐྱོད་འགྲོ་ཐུབ་མིན་དེ་ཁག་པོ་རེད།
དྲི་བ། ད་ལྟའི་ཆར་རྒྱ་གར་ནང་བོད་མི་སུད་ཚོང་བ་རྣམས་སུད་ཚོང་དུ་ཕེབས་རྒྱུའི་དུས་ཚོད་ལ་འཁེལ་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་ནས་སུད་ཚོང་ཚོགས་པ་རྣམས་ལ་དམིགས་བསལ་ལམ་སྟོན་ཅི་གནང་དང་། སུད་ཚོང་གི་དུས་སྐབས་སུ་ནད་རླབས་གསུམ་པ་བྱུང་ཚེ་དེར་དམིགས་བསལ་གྲ་སྒྲིག་གང་གནང་ཡོད་པ་རེད།
ལན། རྩ་བའི་དེའི་ཐད་ལ་ང་ཚོས་འཆར་གཞི་ཞིག་འཐེན་གྱིན་ཡོད་ལ། གཅིག་ནས་སུད་ཚོང་བ་རྣམས་ལ་རང་རང་གི་སྐྱིད་སྡུག་ཡོད་པ་ལྟར། སྐྱིད་སྡུག་རྣམས་ཀྱིས་འདི་ལོར་སྔར་དང་མི་འདྲ་བར་འཕྲོད་བསྟེན་གྱི་ཚོགས་ཆུང་ལྟ་བུ་བཙུགས་པ་དེ་འདྲ་བྱུང་འདུག ང་ཚོ་ས་གནས་ཁག་ལ་སྐོར་སྐྱོད་བྱེད་རིང་ལམ་སྟོན་བྱས་ཡོད་པ་ལྟར། ཐོག་མར་ནད་པ་ཐོན་པ་ཡིན་ན་ག་རེ་གནང་དགོས་མིན་དང་། ཐོག་མ་ཉིད་ནས་སུད་ཚོང་རྒྱག་སའི་ས་གནས་དང་རྒྱང་ཐག་ཉེ་ཤོས་ཀྱི་སྨན་ཁང་གང་དུ་ཡོད་མེད་རྩད་གཅོད་བྱས་ཏེ། སྨན་ཁང་ལ་འབྱུང་འགྱུར་ནད་པ་ལྟ་བུ་བྱུང་ན་སྨན་ཁང་དེར་འབྲེལ་གཏུག་བྱ་རྒྱུ་ཡིན་པ་དང་། སྨན་ཁང་ངོས་ནས་ནད་པའི་འདྲེན་འཁོར་གཏང་རོགས་ཞེས་སྐད་ཆ་བཤད་དགོས་པ་རེད། བྱུང་ན་གཞུང་གི་སྨན་ཁང་དེ་འདྲ་ཡོད་ན་ཡག་ཤོས་རེད། གང་ཡིན་ཟེར་ན། གཞུང་གི་སྨན་ཁང་དེ་ཚོ་མཐུན་རྐྱེན་དཔེ་ཡག་པོ་ཡོད་པའི་ཐོག་ལ་རིན་གོང་ཡང་ཆུང་ཆུང་རེད། འོན་ཀྱང་དེང་སང་ང་ཚོ་བོད་པ་ཚོས་སྒེར་གྱི་སྨན་ཁང་མིང་ཆེན་པོ་དེ་འདྲ་ལ་བལྟ་རུ་འགྲོ་དུས། ནད་ཡམས་ནས་དྲག་སྟེ་མར་ཐོན་ཡོང་དུས་འབུམ་མང་པོའི་བྷིལ་འཛིན་གཏོང་གི་ཡོད་པ་རེད། གཞུང་གི་སྨན་ཁང་ནང་ལ་འགྲོ་བ་ཡིན་ན་སྨན་པ་དེ་ཚོ་ཚད་ལྡན་རེད་ལ། མཐུན་རྐྱེན་གྱི་ཆ་ནས་ཀྱང་འཐུས་ཚང་བ་ཞིག་ཡོད་པ་རེད། འོན་ཀྱང་ཕྱི་ལོགས་ནས་བལྟས་པ་ཡིན་ན་གཞུང་གི་སྨན་ཁང་དེ་ཚོ་གཙང་སྦྲ་སོགས་ཀྱི་ཆ་ནས་ཞན་པ་ཡོད་ཀྱི་རེད་མ་གཏོགས། སྒེར་གྱི་སྨན་ཁང་ཆེ་བ་ཞིག་དང་བསྡུར་ན་གཞུང་གི་སྨན་ཁང་ཞེ་དྲགས་ལེགས་པ་ཡོད་རེད། ང་ཚོ་སྐོར་སྐྱོད་འགྲོ་རིང་ས་གནས་ཚང་མ་ལ་དེ་ལྟར་ལམ་སྟོན་ཞུས་ཡོད། ལྷག་པར་དུ་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ས་གནས་ཚང་མའི་ནང་སུད་ཚོང་ལ་འགྲོ་རྒྱུ་ཡིན་མིན་དྲིས་ཏེ་ལམ་སྟོན་ཆ་ཚང་གནང་སོང་། འོན་ཀྱང་སུད་ཚོང་བ་ཚང་མར་སྙོབ་ཐུབ་ཀྱི་ཡོད་མེད་བཤད་ཚོད་ཐིག་གི་མི་འདུག་ཀྱང་། སུད་ཚོང་གི་མགོ་གཙོ་རྣམས་ལ་དྲ་ལམ་བརྒྱུད་ཚོགས་འདུ་ཚོགས་ཏེ་ལམ་སྟོན་བྱ་རྒྱུ་དེ་འདྲ་ཡོང་སྲིད་པས། ཐོག་མར་ང་ཚོས་སུད་ཚོང་ལ་སྐྱོད་མཁན་སྡེ་ཚན་སུ་ཡིན་མིན་གྱི་ཐོ་ཞིག་བླངས་ཏེ། འགྲོ་མཁན་དེ་ཚོའི་མགོ་གཙོ་རྣམས་ཀྱི་ཞལ་པར་ཨང་གྲངས་བླངས་ནས་ལམ་སྟོན་བྱ་རྒྱུ་ལས། སུད་ཚོང་ས་ཁུལ་ལ་སྐོར་སྐྱོད་བྱ་རྒྱུ་དེ་ཁག་པོ་རེད།
དྲི་བ། ཉེ་ཆར་བོད་མིའི་གཞིས་ཆགས་ཆེ་གྲས་སྦེལ་ཀོབ་ཏུ་གཉན་རིམས་ཕོག་མཁན་བོད་མི་ ༡༠༠ ལྷག་ཐོན་ཏེ་གནས་སྟངས་ཅུང་ཛ་དྲག་ལྟ་བུ་ཆགས་པ་རེད། ད་ལྟ་གནས་སྟངས་ག་འདྲ་ཆགས་འདུག
ལན། འཕྲོད་བསྟེན་ལས་ཁུངས་ངོས་ནས་ཏོག་དབྱིབས་གཉན་རིམས་ཐད་རང་གི་བསམ་ཚུལ་ལྟ་བུ་མིན་པར། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་ཚན་རིག་པ་རྣམས་ཀྱིས་གསུང་འགྲོས་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་གསུང་སྟངས་བྱས་ན་མི་བརྒྱ་ལྟ་བུ་ལ་ནད་གཞི་ཕོག་པ་ཡིན་ན། དེའི་ནང་ནས་མི་གསུམ་ཙམ་འདས་གྲོངས་སུ་འགྲོ་སྲིད་པ་ལས་ལྷག་འཕྲོ་ ༩༧ དྲག་སྐྱེད་ཡོང་གི་ཡོད་པ་རེད། དེར་བརྟེན་ཉེ་ལམ་སྦེལ་ཀོབ་ནང་ནད་པ་ ༡༠༠ ཐོན་ཡོད་པ་དང་། དེ་བཞིན་ཏི་ཛུ་ཁུལ་དུ་ནད་པ་ ༦༠ ལྷག་ཐོན་ཡོད་ཀྱང་། དེ་རིང་(ཚེས་ ༡༧ ཉིན་)ལྟ་བུར་མཚོན་ན་ཕལ་ཆེ་བ་དྲག་སྐྱེད་སོང་ནས་ནད་པ་ ༦ ཙམ་མ་གཏོགས་མི་འདུག
དྲི་བ། རྒྱ་གར་ནང་ནད་རླབས་གསུམ་པ་ཡོང་གི་རེད་དམ།
ལན། འདི་ཚང་མ་ཚོད་དཔག་རེད། ཚན་རིག་པ་དང་སྨན་པ་ཆེན་མོ་རྣམས་ཀྱིས་ཚོད་དཔག་གནང་གི་ཡོད་པ་རེད། ཁོང་ཚོས་དེ་སྔ་ཕྱི་ཟླ་ ༨ པའི་ནང་ནད་རླབས་ཡོང་གི་ཡོད་པའི་ཚོད་དཔག་གནང་བ་རེད། འོན་ཀྱང་དེ་ལྟར་བྱུང་མེད། ཡང་ཟླ་ ༩ པའི་ནང་སླེབས་ཀྱི་གསུངས་པ་རེད། འོན་ཀྱང་འདས་པའི་ཉིན་གྲངས་གསུམ་རིང་མི་འབོར་འབུམ་ ༡༣༠ ལྷག་ཡོད་པའི་རྒྱལ་ཁབ་ནང་ཉིན་རེར་ནད་པ་སྟོང་ཕྲག་ ༢༧ མ་གཏོགས་བྱུང་མེད། དེར་བརྟེན་ང་ཚོ་ལྟ་བུ་མི་དཀྱུས་མ་ཞིག་གིས་དེར་ཚོད་དཔག་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ཁོང་ཚོས་ས་གནས་ཤིག་གི་ནད་པ་ཐོན་སྟངས་ལ་བལྟས་ནས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། གང་ལྟར་ཕྱི་ཟླ་ ༡༢ བར་དུ་ནད་རླབས་གསུམ་པ་ཡོང་སྲིད་པའི་གནས་སྟངས་ཆགས་ཡོད་པ་རེད། དཔེར་ན་ཧི་མ་ཅལ་ལྟ་བུར་མཚོན་ན་ཁབ་དང་པོ་དེ་མངའ་སྡེ་ཡོངས་ལ་བརྒྱ་ཆ་བརྒྱ་བརྒྱབ་ཟིན་ཡོད་སྐོར་བཤད་པ་རེད། དེར་མཚུངས་རྒྱ་གར་རྒྱལ་ཡོངས་སྔོན་ཁབ་རྒྱག་རྒྱུ་དེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། གནས་སྟངས་བཟང་དུ་འགྲོ་རྒྱུ་ཡོད་པ་རེད། དེ་སྔ་ནད་རླབས་གསུམ་པའི་ཐད་ཚོད་དཔག་བྱས་པ་ལྟར་ད་ལྟ་སྡུག་པོ་དེ་ཙམ་བྱུང་མེད་ནའང་། ཚན་རིག་པ་དང་སྨན་པ་ཆེན་མོ་རྣམས་ཀྱི་ཚོད་དཔག་དེ་ང་ཚོ་ལྟ་བུའི་ཚོད་དཔག་ལས་བརྒྱ་ཆ་ ༩༠ ཡིས་བདེན་པ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ནད་རླབས་གསུམ་པ་སླེབ་སྲིད་པ་རེད་ལ། སླེབ་མ་སྲིད་པ་ཡང་ཡོད་སྟབས། རྒྱ་གར་ནང་ནད་པ་གཅིག་རྐྱང་མེད་པའི་བར་དུ་ཚོད་དཔག་བྱ་ངེས་རེད།
བཅར་འདྲི་བ་གསར་འགོད་པ། པ་སངས་ཚེ་རིང་།
ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༧ ཞོགས་པའི་ཆུ་ཚོད་ ༡༠།༣༠