དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཉིན་རྒྱབ་ཚོགས་ཐུན་སྟེང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་བཀའ་བློན་གྱི་འོས་མི་མཚན་འདོན་གནང་བའི་ཁྲོད་བཀའ་བློན་གསུམ་ལ་མང་མོས་ཐོབ་སྟེ་འོས་འདེམས་བྱུང་སོང་ནའང་། སྤྱི་འཐུས་ལས་ཐོག་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་བཀའ་བློན་གྱི་འོས་མིར་མཚན་འདོན་གནང་སྐབས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་དགག་བྱ་གནང་བ་དང་བསྟུན། ཁོང་གིས་གཙོས་པའི་སྤྱི་འཐུས་ ༡༩ གྲོས་ཚོགས་ར་བ་ནས་ཕྱིར་ཐོན་གནང་བར་བརྟེན། གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བའི་རྐྱེན་གྱིས་གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་འགྲོ་མ་ཐུབ་པར་གྲོལ་སོང་།
དེ་ཡང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ཀྱིས་སྲིད་སྐྱོང་མཆོག་ནས་མཚན་འདོན་གནང་བའི་བཀའ་བློན་འོས་མི་ཚང་མར་དགག་བྱ་གནང་བར་བརྟེན། བཅའ་ཁྲིམས་ཀྱི་དགོངས་དོན་བཀའ་བློན་དུ་འོས་འདེམས་བྱུང་བར་གསང་བའི་འོས་བསྡུ་བརྒྱུད་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་པ་ལྟར། བཀའ་བློན་གྱི་འོས་མི་ནོར་འཛིན་སྒྲོལ་མ་ལགས་དང་། སྤྱི་ཟུར་ལྕང་ར་སྒྲོལ་མ་རྣམ་གཉིས་ལ་རྒྱབ་སྐྱོར་གྱི་འོས་གྲངས་ ༢༧ དང་། རྒྱབ་སྐྱོར་མེད་པའི་འོས་ ༡༨ བཅས་གཅིག་མཚུངས་ཐོབ་སྟེ་བཀའ་བློན་དུ་འོས་འདེམས་བྱུང་བ་དང་། དེ་བཞིན་བཀའ་བློན་གྱི་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་རྒྱབ་སྐྱོར་གྱི་འོས་ ༣༠ དང་རྒྱབ་སྐྱོར་མེད་པའི་འོས་ ༡༥ ཐོབ་སྟེ་བཀའ་བློན་དུ་འོས་འདེམས་བྱུང་ཡོད། ཡིན་ནའང་བཀའ་བློན་འོས་མི་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་། དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་ཉུང་མཐའི་མང་མོས་མ་ཐོབ་པར་བརྟེན་བཀའ་བློན་དུ་བདམས་ཐུབ་མེད་པ་རེད།
དེའི་རྗེས་སྲིད་སྐྱོང་མཆོག་ནས་བཀའ་བློན་གྱི་འོས་མི་དྲུག་པ་སྤྱི་འཐུས་ལས་ཐོག་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་མཚན་འདོན་གནང་རྗེས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་དགག་བྱ་གནང་བ་མ་ཟད། དངོས་གྲུབ་རྡོ་རྗེ་ལགས་བཀའ་བློན་གྱི་འོས་མི་ནང་བཞག་པ་དེ་ཕྱིར་འཐེན་མ་བྱས་བར་དུ་གྲོས་ཚོགས་ར་བའི་ནང་ཆ་ཤས་ལེན་རྒྱུ་མིན་སྐོར་དང་། ཡང་གལ་ཏེ་ཚོགས་གཙོ་མཆོག་ནས་བཀའ་བློན་འོས་མི་རྗེས་མ་དེའི་ལས་རིམ་སྔོན་དུ་བཏང་ཚེ་ཆ་ཤས་ལེན་རྒྱུ་ལས་དེ་མིན་གྲོས་ཚོགས་ཁང་ནས་ཕྱིར་ཐོན་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་བློན་འོས་མི་དངོས་གྲུབ་རྡོ་རྗེ་ལགས་གང་ཟག་སྒེར་ཞིག་ཡིན་པའི་ཆ་ནས། རང་གི་བསམ་ཚུལ་ཆ་ཚང་སྤྱི་ཚོགས་ནང་སྤུང་རྒྱུའི་ཐོབ་ཐང་ཡོད་པ་དང་། དམངས་གཙོའི་ལམ་སྲོལ་གྱི་ཐོག་ནས་སྒེར་གྱི་བསམ་ཚུལ་སྤུང་མཁན་མང་པོ་ཡོད་པ་རེད། སོ་སོ་སྒེར་གྱི་བསམ་ཚུལ་སྤུང་པ་དེ་ལ་སྲིད་སྐྱོང་ངོས་ནས་དམིགས་བསལ་ལྷག་མ་ཞུ་རྒྱུ་གང་ཡང་མེད། ཅེས་དང་། གྲོས་ཚོགས་ཀྱི་ལས་རིམ་ལ་འགྱུར་བ་གང་ཡང་མེད་སྐོར་གྱི་ལན་འདེབས་གནང་བ་དང་འབྲེལ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་གཙོས་སྤྱི་འཐུས་ ༡༩ གྲོས་ཚོགས་ར་བ་ནས་ཕྱིར་ཐོན་གནང་ཡོད་པ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༤༩ པའི་ནང་གསེས་དོན་ཚན་ ༡ པོའི་ནང་། སྤྱི་འཐུས་ལྷན་ཚོགས་དང་། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། ཅེས་པའི་དགོངས་དོན་ལྟར་གྲོས་ཚོགས་ནང་སྤྱི་འཐུས་ ༢༦ ལས་མེད་པར་བརྟེན་གྲོས་ཚོགས་གནས་སྐབས་རིང་མཚམས་འཇོག་དགོས་བྱུང་ཞིང་། འདི་གའི་གསར་འགོད་པས་གྲོས་ཚོགས་ནས་ཕྱིར་ཐོན་གནང་མཁན་གྱི་སྤྱི་འཐུས་རྣམས་ལ་བཅར་འདྲི་ཞུ་ཐབས་བྱས་ཀྱང་། ལན་འདེབས་གསལ་བཤད་གནང་མཁན་སུ་ཡང་བྱུང་མ་སོང་།
འདེམས་ཐོན་བྱུང་བའི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནི་ཕྱི་ལོ་ ༡༩༦༤ ཟླ་ ༥ ཚེས་ ༢༥ ཉིན་རྡོ་རྗེ་གླིང་དུ་སྐྱེས་ཤིང་ཆུང་འབྲིང་སློབ་གྲྭ་ཐོན་ཏེ། ཕྱི་ལོ་ ༡༩༨༨ ལོར་ལྡི་ལི་གཙུག་ལག་སློབ་ཆེན་ནས་ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་མཐར་སོན། ཕྱི་ལོ་ ༡༩༨༦ ནས་ ༡༩༩༡ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་དང་། ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་གནང་མྱོང་། ཕྱི་ལོ་ ༡༩༩༡ ནས་བཟུང་སྐབས་ ༡༡ དང་། ༡༢། ༡༣། ༡༤ བཅས་སོ་སོར་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་མ་ཟད། སྐབས་གཉིས་བསྟུད་མར་ཚོགས་གཞོན་གྱི་འགན་འཁུར་བླངས། ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བཀའ་ཤག་སྐབས་ ༡༤ པའི་ནང་སྲིད་བཀའ་བློན་གྱི་འགན་འཁུར་བླངས་བ་དང་། ཕྱི་ལོ་ ༢༠༡༡ དང་ ༢༠༡༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་འོས་མིའི་ཁོངས་སུ་བཞེངས་ཡོད་པ་རེད། ད་ལྟ་བཀའ་ཟུར་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་གནས་སྡོད་བྱེད་ཀྱི་ཡོད་པ་རེད་འདུག
ནོར་འཛིན་སྒྲོལ་མ་ལགས་ནི་ཕྱི་ལོ་༡༩༧༥ ཟླ་ ༡༡ ཚེས་ ༢༨ ཉིན་ཀོ་ལི་གྷལ་དུ་སྐྱེས་པ་དང་། ༡༩༩༣ ལོར་གཞི་རིམ་གྱི་སློབ་གྭ་ཁག་ལས་སློབ་མཐར་ཕྱིན་ཏེ། ཕྱི་ལོ་ ༡༩༩༦ ལོར་དབྱིན་ཡིག་དང་། རྩོམ་རིག ལོ་རྒྱུས་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་བླངས། ༡༩༩༨ ལོར་དབྱིན་ཡིག་རྩོམ་རིག་གི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་བླངས། ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་ཨ་རིའི་བོད་མིའི་སློབ་ཡོན་ལས་འཆར་འོག་སྦོ་སི་ཊོན་ཊ་ཕི་སི་སློབ་གྲྭ་ཆེན་མོ་དང་། ཧར་ཝཌ་སློབ་གྲྭ་ཆེན་མོ་མཉམ་འགྲིམས་ཀྱིས་རྒྱལ་སྤྱིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་ཞི་མོལ་དང་འདུམ་འགྲིག་ཐོག་ཆེད་ལས་ཁྲིམས་དང་རྒྱལ་འབྲེལ་རིག་པའི་གཙུག་ལག་རབ་འབྱམས་པ་ (MALD) ཐོན། ཕྱི་ལོ་ ༢༠༠༠ ནས་ ༢༠༠༦ བར་དྷ་ས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་། ལས་འཆར་འགན་འཛིན་སོགས་ཀྱི་ལས་འཁུར་བླངས་པ་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༡ བར་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་གནང་། ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་ཨ་རི་བོད་ཀྱི་ཐེབས་རྩར་དཔལ་འབྱོར་འདུ་འགོད་དང་རོགས་སྐྱོར་ལས་འཆར་གྱི་འགན་འཛིན་གྱི་ཕྱག་ལས་གནང་། ད་ལྟ་ཁོང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་བྱེད་མུས་ཡིན་འདུག
ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནི་ཕྱི་ལོ་ ༡༩༥༡ ཟླ་༩ ཚེས་ ༡ ལོར་བཀྲིས་རབ་བརྟན་དུ་སྐྱེས་ཤིང་སློབ་གྲྭ་ཆུང་འབྲིང་ཐོན་རྗེས། མའེ་སོར་གྱི་ (Teresian College) ཞེས་པའི་བུ་མོའི་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། མའེ་སོར་གཙུག་སློབ་གྲྭ་ཆེན་མོ་ནས་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་དང་། མའེ་སོར་སེན་ཊི་ཇོ་སེབ་མཐོ་སློབ་གནས་དགེ་རྒན་འོས་སྦྱོང་ཐོན། དེའི་རྗེས་ལོ་ངོ་ ༣༧ རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་དགེ་རྒན་དང་སློབ་སྤྱིའི་ཞབས་ཞུ་བསྒྲུབས། ཁོང་གིས་སྦེལ་ཀོབ་བུད་མེད་ཚོགས་པའི་རྒྱན་ལས་དང་། ༢༠༠༣ ལོར་རྒྱ་གར་རྒྱལ་ཡོངས་དགེ་རྒན་གྱི་གཟེངས་བསྟོད་གྲངས་ཅན་ ( National Award for teachers ) ཞེས་པ་ཞིག་རྒྱ་གར་གྱི་སྲིད་འཛིན་མཁས་དབང་ཀཱ་ལམ་གྱི་ཕྱག་ནས་ཐོབ། ཕྱི་ལོ་ ༢༠༡༡ ནས་བཟུང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་གནང་མུས་ཡིན་པ་དང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་གནས་སྡོད་བྱེད་ཀྱི་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།