ཟླ་འདིའི་ཟླ་མགོར་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་འདུག
བོད་ནང་གི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བར། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ཤར་ཙམ་ལ་རང་ལོ་ ༣༤ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་ལྷ་ས་ནས་ཁོང་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་བཞི་ལྷག་ལ་བཀག་ཉར་བྱས་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༢༠༡༡ ལོར་རྔ་བ་ནས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ཟླ་བ་བཞི་ལྷག་ལ་བཀག་ཉར་བྱས་མྱོང་ཡོད་འདུག
དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ནི་རྔ་སྲིབ་ཀ་ཉག་སྡེ་བའི་རུ་བ་ཚང་གི་ཡིན་ཞིང་། ཕ་མིང་ལ་རིག་ཁོ། (ཚེ་འདས།) མ་མིང་ལ་ཚེ་རིང་སྐྱིད། སྤུན་བཞི་ཡོད་པའི་ནང་ནས་ཁོང་གསུམ་པ་དེ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས། ཁོང་དགོན་པ་གཞུང་གི་གློག་ཀླད་སྡེ་ཚན་གྱི་ལས་བྱེད་ཅིག་ཡིན་པར་མ་ཟད། ཁོང་སྒེར་ངོས་ནས་ཀྱང་རྒྱུན་དུ་ཡུལ་ལྗོངས་སོགས་པར་ལེན་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཡིན་པ་དང་། བོད་ནང་ཁུལ་གྱི་པར་ལེན་སྒྱུ་རྩལ་འགྲན་སྡུར་ཁ་ཤས་ནང་ཞུགས་ནས་བྱ་དགའ་ཨང་དང་པོ་སོགས་ཐེངས་འགར་ཐོབ་ཡོད་འདུག རྒྱུན་དུ་ཁོང་རང་གི་འདྲ་པར་རྣམས་དྲ་ལམ་སོགས་སུ་བཀྲམ་སྐབས་རེ་བའི་ཟླ་འོད་ཅེས་པའི་མིང་དེ་བེད་སྤྱོད་བྱེད་བཞིན་ཡོད་འདུག
གཞན་ཡང་། ཟླ་འདིའི་ཚེས་ཤར་ཙམ་ལ་རྔ་བ་ཀིརྟི་དགོན་པའི་གྲྭ་པ་གཞན་འགའ་རེ་ཡང་འཛིན་བཟུང་བྱས་ཡོད་ཚོད་འདུག་ཀྱང་། མཚན་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས་མཁོ་སྤྲོད་གནང་།
དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ཁོང་རང་གིས་བླངས་པའི་འདྲ་པར་འགའ།