བཙན་བྱོལ་བོད་མིའི་ཁྲོད་དུ་ཏོག་དབྱིབས་འགོས་ཁྱབ་བྱུང་བའི་གྲངས་འབོར་ལས་འདས་པའི་བདུན་གཅིག་ནང་བོད་མི་ ༣༧ ལ་རིམས་ནད་འགོས་ཡོད་པ་དང་བོད་མི་ ༡ ཙམ་རྐྱེན་འདས་སུ་ཕྱིན་ཡོད་འདུག
བདུན་རེའི་རེས་གཟའ་ཕུར་བུ་འཆར་ཅན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས། རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཏོག་དབྱིབས་ནད་པའི་གནས་སྟངས་སྐོར་དྲ་ལམ་ཐད་གཏོང་བརྒྱུད་གསལ་བསྒྲགས་གནང་གི་ཡོད་པ་ལྟར། ཁ་སང་ཉིན་རྒྱབ་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༧ སྤེལ་སྐབས། འདས་པའི་བདུན་ཕྲག་གཅིག་རིང་རྒྱ་གར་ནང་གི་ས་གནས་ ༩ དང་བལ་ཡུལ་གྱི་ས་གནས་གྲངས་ ༡ ནང་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༥༩ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༨༦ བཅས་ཁྱོན་བསྡོམས་ཟུར་བཀག་ཏུ་སྡོད་མཁན་མི་གྲངས་ ༡༣༥ ཡོད་པ་དང་། འདས་པའི་བདུན་ཕྲག་ནང་མི་གྲངས་ ༣༧ ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་གཞི་གསར་བ་འགོས་ཡོད་པ་དང་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག
གསར་འགོད་གསལ་བསྒྲགས་སྐབས་སྨན་པ་མཚམས་གཅོད་ལགས་ཀྱིས། ཨ་རི་སོགས་སུ་ནད་ཡམས་འགོས་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པས། ཨ་རིར་བཞུགས་པའི་བོད་མིར་འགོག་ཁབ་འཐུས་ཚང་ཐོབ་ཟིན་ན་ཡང་། འགོག་ཁབ་ཀྱིས་བརྒྱ་ཆ་བརྒྱ་ཕན་ཐོགས་ཡོད་མེད་བཤད་ཁག་པོ་ཡིན་སྟབས། ཚང་མས་རང་རང་གི་འཕྲོད་བསྟེན་ལ་དོགས་གཟབ་བྱ་དགོས་པ་དང་། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་དགུན་ཁ་ཐོན་ནས་གནམ་གཤིས་འགྱུར་ལྡོག་འགྲོ་ཡི་ཡོད་སྟབས། ཆམ་ནད་སོགས་འགོས་སླ་བ་དང་། ལྷག་པར་དུ་ཡུ་རོབ་རྒྱལ་ཁབ་སོགས་སུ་ཡི་ཤུའི་དུས་སྟོན་ཐོན་གྲབས་ཡོད་སྟབས། མི་མང་འདུ་འཛོམས་ཀྱི་རིགས་མང་དུ་ཕྱིན་ནས་ཏོག་ནད་འགོས་ཁྱབ་འགྲོ་ཉེན་ཡོད་པས། ཚང་མས་སྔོན་འགོག་དང་དོགས་གཟོན་བྱ་དགོས། དེ་བཞིན་ཏོག་དབྱིབས་འགོག་ཁབ་མ་ཐོབ་མཁན་མང་པོ་ཞིག་ཡོད་པའི་དབང་གིས། ཉེ་ལམ་ཨ་རི་དང་ཡུ་རོབ་སོགས་སུ་ནད་ཡམས་མཆེད་མུས་ཡིན་སྟབས། ཚང་མས་ཁ་རས་གྱོན་པ་དང་། སྤྱི་ཚོགས་རྒྱང་སྐྱེད་ཀྱི་བར་ཐག་འཇོག་པ། ལག་པ་སོགས་དུག་སེལ་བྱ་དགོས་སྐོར་གྱི་ལམ་སྟོན་སོགས་གནང་བྱུང་།
དེའི་རྗེས་ཕྱི་ལུགས་སྨན་པ་བརྩོན་འགྲུས་ལགས་ཀྱིས། བཙན་བྱོལ་བོད་ཀྱི་ཚོགས་སྡེ་ཁག་དང་ས་གནས་སོ་སོའི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་སོགས་ཀྱིས། ནད་རྟགས་ཐོན་པའི་རིགས་རྣམས་ནད་ཡམས་འགོས་ཁྱབ་མི་བྱུང་བའི་སླད་དུ་ཟུར་བཀག་ཏུ་འཇོག་དགོས་པ་དང་། ཉེ་ལམ་བོད་མི་མང་པོ་ཞིག་གཞིས་ཆགས་ཁག་ཏུ་དགུན་ཁའི་གུང་གསེང་དུ་ཕེབས་པ་དང་། དགུན་ཚོང་ཚར་ནས་ཕྱིར་ལོག་བྱེད་མཁན་རྣམས་ཀྱིས། གཞིས་ཆགས་ཀྱི་མི་ཚང་མའི་བདེ་ཐང་གི་སླད་དུ། ས་གནས་སུ་ཟུར་བཀག་ལ་སྡོད་དགོས་གལ་ཆེ། ཕྱི་རྒྱལ་ཁག་ཏུ་ནད་ཡམས་ཁྱབ་ནས། སྔོན་འགོག་སྨན་ཁབ་བརྒྱབ་མེད་མཁན་རྣམས་ལ་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་ལྟར། བོད་མི་སྔོན་འགོག་སྨན་ཁབ་བརྒྱབ་མེད་མཁན་རིགས་ཀྱིས། ངེས་པར་དུ་སྨན་ཁབ་བརྒྱག་དགོས་པ་དང་། མུ་མཐུད་དུ་ཏོག་དབྱིབས་སྔོན་འགོག་གིས་རང་གཞན་ཚང་མའི་བདེ་འཇགས་ལ་འགན་ཁུར་བྱ་དགོས་སྐོར་བརྗོད་ཡོད་པ་རེད།
ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་ ༦༨༩༦ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༦༦༣ དང་། རྐྱེན་འདས་སུ་ཕྱིན་པ་ ༡༥༩། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་ ༧༤ ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༤༦༠༥༢ དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༤༡༤༧ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་ ༦༩༨༠ ཡོད་འདུག དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༤༨ ཙམ་ཡོད་འདུག
གསར་འགོད་པ། དཔལ་ལྡན།