རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་གཞིའི་འོག་འཛམ་གླིང་གི་རྒྱལ་ཁབ་མང་པོ་བུ་ལོན་ནང་གཡུགས་ཡོད་སྟབས་ཡུ་རོབ་མཐུན་ཚོགས་ཀྱིས་དེ་ལས་ལྡོག་པའི་གོ་ལའི་སྒོ་མོ་ཞེས་པའི་འཛམ་གླིང་རང་བཞིན་གྱི་མ་འཛུགས་ལས་གཞི་ཞིག་སྒོ་འབྱེད་བྱས་ཡོད་སྐོར་བསྒྲགས་འདུག
ཁ་སང་ཕྱི་ཚེས་ ༡ ཉིན་ཡུ་རོབ་མཐུན་ཚོགས་ངོས་ནས་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བར་འབྱོར་བའི་རྒྱ་ནག་གི་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ལས་གཞི་རྒྱུད་གཅིག་ལམ་གཅིག་ (Belt and Road Initiative) ལ་ཁ་གཏད་ཀྱི་ཚུལ་དུ། ཕྱི་ལོ་ ༢༠༢༡ ནས་ ༢༠༢༧ བར་ཨ་ཧྤེ་རི་ཁ་གཙོས་པའི་འཛམ་གླིང་ཁྱོན་ཡོངས་སུ་དེང་རབས་འཛུགས་སྐྲུན་གྱི་ཆེད་དུ་མ་དངུལ་ཡུ་སྒོར་ཐེར་འབུམ་ ༣༠༠ ཅན་གྱི་གོ་ལའི་སྒོ་མོ་ (Global Gateway) ཟེར་བའི་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་འཛུགས་སྐྲུན་ལས་གཞི་ཞིག་སྒོ་འབྱེད་བྱས་འདུག
ཡུ་རོབ་མཐུན་ཚོགས་ཀྱི་དྲ་རྒྱའི་སྟེང་སྤེལ་བའི་ལས་གཞི་དེའི་སྐོར་གྱི་ཡིག་ཆའི་ནང་རྒྱ་ནག་མིང་འདོན་བྱས་མེད་ནའང་། གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས་ཡུ་རོབ་ལྷན་ཚོགས་(European Commission) གྱི་ཚོགས་གཙོ་ལྕམ་ཨར་སེ་ལ་ཝན་ཌེར་ལེ་ཡན་ (Ursula von der Leyen) ལགས་ཀྱིས། ལས་གཞི་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་འགྲན་རྩོད་བྱེད་ཐབས་ཤིག་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཚོས་རྒྱ་ནག་གི་མ་འཛུགས་ལས་གཞིའི་ཉམས་མྱོང་བསགས་ཟིན་པ་དང་། ད་ལྟ་རྒྱལ་ཁབ་དེ་ཚོར་གདམ་ག་ལེགས་པོ་ཞིག་དགོས་གལ་ཆེ་སྐོར་དང་། ཡུ་རོབ་མཐུན་ཚོགས་ངོས་ནས་ལས་གཞི་དེའི་ནང་རྒྱ་ནག་ཏུ་མེད་པའི་སྒེར་གཉེར་སྡེ་ཚན་རྣམས་འཁྲིད་ཡོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་ལ་ཡུ་རོབ་མཐུན་ཚོགས་ཀྱི་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ལས་གཞི་དེའི་འོག་ལས་འཆར་བྱེ་བྲག་པ་ཞིག་མགོ་བརྩམས་མེད་ནའང་། འབྱུང་འགྱུར་ལོ་ ༧ ནང་གཙོ་བོ་ཨ་ཧྥེ་རི་ཁ་དང་། ཨེ་ཤ་ཡ་དབུས་མ། ལྷོ་ཨ་མེ་རི་ཁ་བཅས་ནང་སྤེལ་རྒྱུ་ཡིན་པ་དང་། ལས་གཞིའི་དམིགས་ས་གཙོ་བོ་ཡང་གོ་ལའི་གནམ་གཤིས་དང་། རྩིས་འཕྲུལ། འགྲིམ་འགྲུལ་སོགས་ཀྱི་འཛུགས་སྐྲུན་ཐད་ཡིན་སྐོར་བསྒྲགས་ཡོད་སྟབས། རྒྱ་ནག་གིས་སྔར་ནས་ལས་གཞི་དེར་འདོད་པ་མེད་པའི་རྣམ་པ་བསྟན་ཟིན། རྒྱ་ནག་གི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཀྲང་མིང་ (Zhang Ming) ཟེར་བ་དེས། ཡུ་རོབ་མཐུན་ཚོགས་ཀྱི་ལས་གཞི་དེ་དོན་དངོས་ཐོག་གུ་ཡངས་ཡིན་ན་དགའ་བསུ་ཡོད་ཀྱང་། གལ་ཏེ་དེ་ཉིད་ཆབ་སྲིད་ཀྱི་ལག་ཆ་ཞིག་ལ་བེད་སྤྱོད་བྱས་ཚེ། དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་བ་སྟོང་ཟད་ཙམ་དང་རང་ཉིད་ཀྱི་ཁེ་ཕན་ལའང་གནོད་གཞིར་འགྱུར་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དབྱེ་ཞིབ་པ་ཚོས་ད་ཐེངས་ཀྱི་ལས་གཞི་དེ་ནི་ཡུ་རོབ་མཐུན་ཚོགས་ལ་དཔལ་འབྱོར་ཐོག་ནས་རྒྱ་ནག་ལ་འགྲན་རྩོད་བྱེད་དགོས་པའི་བསམ་བློ་དངོས་སུ་འཁོར་ཡོད་པ་མཚོན་གྱི་ཡོད་པ་དང་། ཡུ་རོབ་ལྷན་ཚོགས་ཀྱི་ཕྱི་འབྲེལ་སྐོར་གྱི་ཉམས་ཞིབ་པ་ཨེན་ཌེ་རུ་སི་མོལ་ (Andrew Small) ཞེས་པ་ཞིག་གིས་ད་ལན་གྱི་ལས་གཞི་དེ་ནི་འཛུགས་སྐྲུན་གྱི་ལས་གཞི་ཙམ་ཞིག་མིན་པར། དེ་ནི་ཡུ་རོབ་མཐུན་ཚོགས་ངོས་ནས་ཆབ་སྲིད་ཀྱི་རིན་ཐང་དང་རྒྱལ་ཁབ་བདེ་འཇགས་བཅས་ལ་གནད་ཆེན་དུ་བརྩི་བ་ཞིག་ཡིན་སྐོར་བརྗོད་ཡོད་ལ། དུས་རྒྱུན་ཡུ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་ལྟར་འཛུགས་སྐྲུན་གྱི་ལས་གཞི་སྤེལ་དགོས་པའི་བསམ་ཚུལ་ཤུགས་ཆེར་འདོན་མཁན་འཇར་མ་ནིའི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་མའེ་ཁལ་ཀོ་ལོ་སི་ (Michal Clauss) ལགས་ཀྱིས། གོ་ལའི་སྒོ་མོ་ཞེས་པའི་འཛུགས་སྐྲུན་ལས་གཞི་བརྒྱུད་ཡུ་རོབ་མཐུན་ཚོགས་འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་གྱི་ཤུགས་རྐྱེན་བྱེད་པོ་ཞིག་ཏུ་བསྒྱུར་ཐུབ་རྒྱུའི་ནུས་པ་ཡོད་ལ། མཉམ་འབྲེལ་བྱེད་མཁན་གྱི་རྒྱལ་ཁབ་གཞན་མང་པོ་ཞིག་ལ་མཚོན་ན། ལས་གཞི་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་ཀྱང་ཁྲིམས་དང་རིན་ཐང་ལྡན་པའི་གདམ་ག་ལེགས་པོ་ཞིག་ཡིན་སྐོར་བརྗོད་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༣ ལོར་མགོ་བཙུགས་པའི་རྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་གཞི་དེ་ནི་འཛམ་གླིང་གི་ཚོང་ལམ་གསར་པ་སྒོ་འབྱེད་ཆེད་བཙུགས་པ་ཞིག་ཡིན་སྐོར་བརྗོད་ཡོད་ནའང་། འདས་པའི་ལོ་ངོ་ ༨ ནང་རྒྱ་ནག་གིས་གཞུང་གཉེར་དངུལ་ཁང་སོགས་བརྒྱུད་ནས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་གཞུང་ལམ་དང་མེ་འཁོར་ལྕགས་ལམ་གྱིས་མཚོན་པའི་འཛུགས་སྐྲུན་ལས་གཞི་སྤེལ་སའི་རྒྱལ་ཁབ་རྣམས་ལ་སྐྱེད་ཀ་ཧ་ཅང་མཐོ་བའི་མ་དངུལ་གཡར་ཏེ། ད་ལྟ་དཔལ་འབྱོར་ཞན་པའི་རྒྱལ་ཁབ་དེ་ཚོས་རྒྱ་ནག་ལ་སྐྱེད་ཀ་ཕྱིར་ལོག་མ་ཐུབ་པའི་རྐྱེན་གྱིས་བུ་ལོན་ནང་ཐིམ་ཡོད་ལ། རྒྱ་གར་གྱི་ལྷོ་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་སིངྒ་ལ་ (Sri Lanka) དང་། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཕྲན་ལའོ་སི་ (Laos) ལྟ་བུས་རྒྱ་ནག་གི་གཞུང་སྒེར་གྱི་མ་རྐང་འཛུགས་མཁན་དག་ལ་བུ་ལོན་སྤྲོད་མ་ཐུབ་པའི་དབང་གིས། རྒྱལ་ཁབ་ལ་བདག་པའི་གློག་འདོན་ས་ཚིགས་དང་རྒྱལ་སྤྱིའི་གནམ་ཐང་སོགས་ཀྱི་བདག་དབང་རྒྱ་ནག་ལ་ཤོར་ཡོད་པ་རེད།
ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་རོགས་དངུལ་དང་བུ་ལོན་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱལ་སྤྱིའི་སྟེང་མ་དངུལ་གཏོང་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་རྒྱ་ནག་ཡིན་པ་རེད། དེ་ཡང་ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་ཝི་ལེམ་དང་མེ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ AidData ཞེས་པའི་ཞིབ་འཇུག་ཚན་པས་འདས་པའི་ལོ་ངོ་ ༥ ལྷག་རིང་རྒྱ་ནག་གིས་ཕྱི་རྒྱལ་ལ་མ་དངུལ་ཇི་ཙམ་གཏོང་གི་ཡོད་མེད་སྐོར་ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གིས་འདས་པའི་ལོ་ངོ་ ༡༨ རིང་འཛམ་གླིང་གི་རྒྱལ་ཁབ་ ༡༦༥ ནང་གི་འཛུགས་སྐྲུན་ལས་གཞི་ཁྱོན་བསྡོམས་ ༡༣༤༢༧ ཆེད་དུ་ཨ་སྒོར་ཐེར་འབུམ་ ༨༤༣ བཏང་ཡོད་པ་དང་། མ་དངུལ་ཁྲོད་ནས་ཕལ་ཆེ་བ་ཕྱི་ལོ་ ༢༠༡༣ ལོར་བརྩམས་པའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཆེད་དུ་བཏང་ཡོད་པ་རེད་འདུག
འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་ཞིབ་འཇུག་ཁང་དེས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་སྤེལ་སའི་རྒྱལ་ཁབ་ ༡༦༥ ཡི་མ་དངུལ་ཨ་སྒོར་ཐེར་འབུམ་ ༨༤༣ ཅན་གྱི་འཛུགས་སྐྲུན་ལས་གཞི་མི་འདྲ་བ་ ༡༣༠༠༠ ལ་ཞིབ་འཇུག་བྱེད་སྐབས། རྒྱལ་ཁབ་དེ་དག་ཁྲོད་ནས་དཔལ་འབྱོར་ཞན་འབྲིང་ཡིན་པའི་རྒྱལ་ཁབ་ ༤༠ ཡིས་རྒྱ་ནག་ལ་རང་གི་ལོ་རེའི་རྒྱལ་ཡོངས་ཡོང་འབབ་(GDP) ལས་ལྡབ་བཅུ་ཡིས་མང་བའི་བུ་ལོན་སྤྲོད་དགོས་ཀྱི་ཡོད་པ་དང་། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲོམ་རའི་ནང་རང་གི་གོ་བབ་མཐོར་འདེགས་ཀྱི་ཆེད་དུ་རོགས་དངུལ་ཚབ་ཏུ་བུ་ལོན་སྤྲོད་ཐབས་བཀོལ་སྤྱོད་བྱས་ཡོད་སྐོར་དང་། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཉིད་ཐོག་མར་མགོ་རྩོམ་སྐབས་བུ་ལོན་གཡར་ལེན་གྱི་བརྒྱུད་རིམ་སྟབས་བདེ་བ་སོགས་ཀྱི་རྐྱེན་པས་རྒྱལ་ཁབ་མང་པོ་མཉམ་ཞུགས་བྱས་ཡོད་ནའང་། རིམ་པས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་མང་པོར་ལྐོག་ཟ་རུལ་སུངས་སོགས་ཀྱི་དཀའ་རྙོག་ཕྲད་ཡོད་པ་རེད། དེ་ཡང་ཨ་རིའི་ཞིབ་འཇག་ཁང་དེའི་སྙན་ཐོའི་ནང་། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁྲོད་ནས་བརྒྱ་ཆ་ ༣༥ ལ་ལྐོག་ཟ་རུལ་སུངས་དང་། ངལ་རྩོལ་བར་རྡོག་རོལ། ཁོར་ཡུག་འབག་བཙོག་དང་། མང་ཚོགས་ཀྱི་ངོ་རྒོལ་བྱེད་པའི་གནས་ཚུལ་ཐོན་ཡོད་འདུག
རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་འོག་ནས་ཆབ་སྲིད་ཀྱི་དབང་ཤུགས་རྒྱ་སྐྱེད་བྱེད་ཐབས་སྲིད་ཇུས་སྤེལ་བཞིན་པའི་དཔེ་མཚོན་དང་པོ་ནི་སིངྒ་ལ་ཡིན་ཏེ། སིངྒ་ལའི་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་རྒྱ་ནག་ནས་བུ་ལོན་གཡར་ཏེ། ཡུལ་དེའི་ལྷོ་ཕྱོགས་ཧམ་བྷན་ཊོ་ཊ་ (Hambantota) མཚོ་ཁར་གནམ་ཐང་དང་། མཚོ་འགག་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་སིངྒ་ལའི་གཞུང་གིས་བུ་ལོན་སྤྲད་མ་ཐུབ་པའི་རྐྱེན་གྱིས། བུ་ལོན་གྱི་ཆེད་དུ་རྒྱ་ནག་ལ་རིན་འབབ་ཨ་སྒོར་ཐེར་འབུམ་ ༡།༡༢ ལ་ཧམ་བྷན་ཊོ་ཊ་མཚོ་འགག་དེ་ལོ་ ༩༩ རིང་རྒྱ་ནག་ལ་གཡར་རྒྱུ་བྱས་པ་མ་ཟད། མཚོ་འགག་མཐའ་འཁོར་གྱི་ས་ཁྱོན་ཨེ་ཁར་ ༡༥༠༠༠ ལྷག་རྒྱ་ནག་ལ་སྤྲད་ཡོད་པ་རེད།
དཔེ་མཚོན་གཞན་ཞིག་ནི་རྒྱ་ནག་གིས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༦ བར་རྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མ་ལེ་ཤི་ཡ་ (Malaysia) ནང་མེ་འཁོར་ལྕགས་ལམ་དང་མཚོ་འགག་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༣༦ བཏང་ཡོད་ནའང་། ཕྱིས་སུ་མ་ལེ་ཤི་ཡའི་གཞུང་དངུལ་ཨ་སྒོར་ཐེར་འབུམ་ ༧།༥ གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང་འབྲེལ། ཡུལ་དེའི་སྲིད་བློན་ལ་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་བྱུང་ཡོད་ཅིང་། རྒྱ་ནག་གཞུང་གིས་སྲིད་བློན་གྱི་བྱས་ཉེས་འགེབས་སྲུང་ཆེད་འཛུགས་སྐྲུན་གྱི་མ་དངུལ་སྤར་ཆ་བྱེད་རྩིས་བྱས་པ་དང་། དེའི་ཚབ་ཏུ་རྒྱ་ནག་གཞུང་ལ་ཡུལ་དེའི་རྒྱལ་ཡོངས་མེ་འཁོར་ལྕགས་ལམ་དང་ཡུར་བུའི་ལས་གཞི་ཆ་ཤས་ཕོན་ཆེན་སྤྲོད་རྒྱུ་མ་ཟད། ཡུལ་དེའི་མཚོ་འགག་གཉིས་རྒྱ་ནག་མཁའ་དམག་གིས་བཀོལ་སྤྱོད་ཆོག་པ་བཟོ་རྒྱུའི་གྲོས་གཞི་བཏོན་ཡོད་པ་རེད། འོན་ཀྱང་སྟབས་ལེགས་པར་གྲོས་གཞི་དེར་གྲོས་མཐུན་མ་བྱུང་བར་ལྷག་ཡོད་པ་རེད།
ད་ལྟའི་ཆར་སིངྒ་ལ་དང་འདྲ་བར་ཨེ་ཤ་ཡ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་མལ་དྷིབ་སི་ (Maldives) ནང་རྒྱ་ནག་གིས་མཚོ་ལམ་བཏིང་བའི་རྐྱེན་གྱིས་ཡུལ་དེས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་ ༡།༤ ཡི་བུ་ལོན་སྤྲོད་རྒྱུ་ལྷག་ཡོད་ཅིང་། རིན་འབབ་དེ་ནི་ཡུལ་དེའི་ལོ་རེའི་སྤྱི་ཡོངས་ཡོང་འབབ་ཀྱི་ཕྱེད་ཀ་ལྷག་ཡིན་པ་རེད། དེ་བཞིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དེ་ཉིད་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོའི་ནང་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་ལྟར། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་གཞུང་གཉེར་དངུལ་ཁང་ (Export-Import Bank of China) ཡིས་ཡུ་རོབ་ཀྱི་རྒྱལ་ཕྲན་མོན་ཊེ་ནེ་གྷོ་རོ་ (Montenegro) ནང་ཨ་སྒོར་ཐེར་འབུམ་ ༡ གཡར་ཏེ་གཞུང་ལམ་འཛུགས་སྐྲུན་བྱས་ཡོད་ནའང་། ད་ལྟ་རྒྱལ་ཁབ་དེར་བུ་ལོན་སྒྲུབ་འཇལ་བྱ་རྒྱུའི་མ་དངུལ་མེད་པའི་ཁར། ལས་གཞི་དེ་ཉིད་ཀྱི་གན་རྒྱའི་ནང་བུ་ལོན་སྒྲུབ་འཇལ་མ་ཐུབ་ཚེ་མོན་ཊེ་ནེ་གྷོ་རོ་ཡི་དམག་དོན་དང་ཕྱི་འབྲེལ་གྱི་ཁོངས་སུ་མེད་པའི་ས་ཆ་ཁག་གཏའ་མར་བཞག་ཡོད་པས། དེ་དག་རྒྱ་ནག་གི་ལག་ཏུ་ཤོར་བའི་ཉེན་ཁ་ཡོད་པ་རེད་འདུག མོན་ཊེ་ནེ་གྷོ་རོ་རྒྱལ་ཕྲན་གྱིས་འུ་ཐུག་ཐབས་ཟད་ཀྱིས་ཡུ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་ལ་བུ་ལོན་སྒྲུབ་འཇལ་བྱ་རྒྱུར་རོགས་འདེགས་དགོས་པའི་རེ་སྐུལ་ཡང་ཞུས་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།