ཟླ་འདིའི་ཕྱི་ཚེས་ ༡ ཉིན་འཛམ་གླིང་གི་གསར་འགྱུར་པར་འགྲེམས་ལྷན་ཚོགས་ (World Association of News Publisher) ནས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཇི་མེ་ལའེ་ (Jimmy Lai) ལགས་དང་སྒོ་བརྒྱབ་ཟིན་པའི་ཁོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་ཚོར་འདི་ལོའི་གསེར་སྨྱུག་རང་དབང་གཟེངས་རྟགས་ཐོབ་ཡོད་འདུག
ཁ་སང་ཕྱི་ཚེས་ ༢ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་འཛམ་གླིང་གི་རྩོམ་སྒྲིག་ལྷན་ཚོགས་ (World Editors Forum) ཀྱི་ཚོགས་གཙོ་ཝ་རིན་ཧྥིར་ནན་ཌི་(Warren Fernandez) ལགས་ཀྱིས་འདི་ལོའི་གཟེངས་རྟགས་ཐོབ་མཁན་གསལ་བསྒྲགས་གནང་སྐབས། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་འཛུགས་མཁན་སྐུ་ཞབས་ཇི་མེ་ལའེ་ལགས་བཙོན་ཁང་དུ་ཡོད་པ་མ་ཟད། གསར་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་རེ་ཡན་ལོ་ (Ryan Law)དང་། སྤྱི་ཁྱབ་འགན་འཛིན་ཁྲེང་ཀིམ་ཧང་ (Cheung Kim Hung)། དོ་དམ་འགན་འཛིན་ཁྲོ་ཏེད་ཀུན་ (Chow Tat Kuen)། གཞན་ཡང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་དྲ་ལམ་རྩོམ་སྒྲིག་པ་བཅས་ཁྱོན་འགན་འཁུར་བ་ལྔ་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པའི་ཁར། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་སྒོ་བརྒྱབ་པ་སོགས་གནད་དོན་དེ་དག་ལ་བརྟེན་ནས། འདི་ལོའི་གསེར་སྨྱུག་རང་དབང་གཟེངས་རྟགས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཇི་མེ་ལའེ་ལགས་དང་སྒོ་བརྒྱབ་ཟིན་པའི་ཁོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་ཡོངས་ལ་ཐོབ་པ་དེ་ནི་ཆེ་མཐོང་དང་ངོས་འཛིན་ཞུས་པ་ཞིག་ཡིན་སྐོར་བརྗོད་འདུག
འཛམ་གླིང་གི་གསར་འགྱུར་པར་འགྲེམས་ལྷན་ཚོགས་ (World Association of News Publisher) ནས་དེ་འབྲེལ་བསྒྲགས་གཏམ་སྤེལ་བའི་ནང་། འདི་ལོའི་གསེར་སྨྱུག་རང་དབང་གཟེངས་རྟགས་ (Golden Pen of Freedom) འདིས་ཧོང་ཀོང་ཁུལ་དུ་ཡོད་པའི་གསར་འགོད་པ་རྣམས་ལ་དམ་དྲག་དང་འཇིགས་སྐུལ། དེ་བཞིན་གསར་འགོད་རང་དབང་སོགས་ཀྱི་ཐད་ལ་བཀག་འགོག་བྱས་ཡོད་ཀྱང་། ཁུལ་དེའི་གསར་འགོད་པས་རང་དབང་གི་སྒོ་ནས་རང་གི་ནུས་པ་གང་ཡོད་བེད་སྤྱོད་བྱས་ཏེ་གསར་འགོད་པའི་ལས་འགན་འཁུར་ནས་དཀའ་ངལ་ཆེ་ཆུང་གང་མང་ལ་གདོང་ལེན་གྱིས་ལས་ཀ་ཡག་པོ་བྱས་ཡོད་སྐོར་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་འཛམ་གླིང་གི་གསར་འགྱུར་པར་འགྲེམས་ལྷན་ཚོགས་ནས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་རྒྱ་ནག་གི་དྲག་གནོན་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་གྱི་ཕྱུག་བདག་སྐུ་ཞབས་ཇི་མེ་ལའེ་ལགས་ལ་འདི་ལོའི་གསེར་སྨྱུག་རང་དབང་གཟེངས་རྟགས་ཐོབ་ཡོད་ཀྱང་། ད་ལྟའི་ཆར་ཁོང་བཙོན་ཁང་དུ་ཡོད་པས་ཁོང་གི་བུ་ (Sebastien Lai) ཡིས་ཚབ་བྱས་ཏེ་གཟེངས་རྟགས་ལེན་གྱི་ཡོད་པ་དང་། ཁོང་གིས་གསར་འགོད་ལས་རིགས་ནི་ལོ་རྒྱུས་ཐོག་ལ་ཆེས་གལ་ཆེན་ཞིག་ཡིན་པ་རེད། དེ་ཡང་གསར་འགོད་ལས་རིགས་ནང་ད་ལྟ་འབྱུང་བཞིན་པའི་གནས་ཚུལ་ཁག་ཡིག་ཆར་བཀོད་དེ་འབྱུང་འགྱུར་ལ་བརྡ་ལན་སྤྲོད་ཀྱི་ཡོད་པར་བརྟེན། གསར་འགོད་ལས་རིགས་ཀྱིས་དབང་ཤུགས་དང་སྟོབས་ཤུགས་ཅན་དག་ལ་ཞིབ་བཤེར་དང་། མི་མང་གི་བསམ་ཚུལ་དང་ལྟ་ཚུལ་འཇོག་སའི་སྡིངས་ཆ་ཞིག་ཡིན་པ་རེད། ཅེས་དང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་སྒོ་བརྒྱབ་པ་དང་གསར་ཁང་དེའི་ལས་བྱེད་ཚོར་དྲག་གནོན་ཤུགས་ཆེན་བྱས་པར་བརྟེན། འབྱུང་འགྱུར་མི་མང་གི་དོན་དུ་རྒྱབ་སྐྱོར་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་སྲིད་ཀྱི་ཡོད་སྐོར་དང་། གཟེངས་རྟགས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཀྱང་། ཁོང་གི་པཱ་ལགས་དང་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་། དེ་བཞིན་ཧོང་ཀོང་མི་མང་བཅས་ཀྱི་དོན་རྐྱེན་ཕྱིར་བསྒྲགས་གསལ་པོ་མེད་པར་བརྟེན་ངེས་པར་དུ་དོ་སྣང་གནང་དགོས་སྐོར་འབོད་སྐུལ་གནང་འདུག
འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་ཁྲིམས་ཡིག་གསར་པར་རྒྱབ་འགལ་བྱས་པའི་ཉེས་མིང་འོག་ཇི་མི་ལའེ་དང་ཁོང་གི་བུ་སོགས་གསར་ཁང་དེའི་ལས་བྱེད་ ༡༠ འཛིན་བཟུང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་བསྐྱར་དུ་ཉེན་རྟོག་པ་ ༥༠༠ ཙམ་གྱིས་གསར་ཁང་ནང་གློ་བུར་བཙན་འཛུལ་བྱས་ཏེ། སྤྱི་ཁྱབ་རྩོམ་སྒྲིག་པ་དང་། སྤྱི་ཁྱབ་འགན་འཛིན། དོ་དམ་འགན་འཛིན། དེ་བཞིན་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་དྲ་ལམ་རྩོམ་སྒྲིག་པ་བཅས་ཁྱོན་འགན་འཁུར་བ་ལྔ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཉེན་རྟོག་པ་ ༢༠༠ ལྷག་གིས་གསར་ཁང་ལ་སྔོག་བཤེར་བྱས་རྗེས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་གསར་ཁང་ཡོངས་སུ་སྒོ་བརྒྱབ་ཡོད་པ་རེད། དམངས་གཙོ་དོན་གཉེར་བ་ཇི་མེ་ལའེ་ལགས་སུ་ཐོག་མར་འདི་ལོའི་ཕྱི་ཟླ་ ༤ པར་དུ་བཙོན་འཇུག་ཐག་གཅོད་བྱས་ཡོད་ཀྱང་། རྗེས་ནས་གཞུང་རྒོལ་ལས་འགུལ་སྣེ་འཁྲིད་བྱས་པའི་ཉེས་མིང་འོག་ཟླ་ ༡༤ འཕར་འགྱངས་ཀྱིས་བཙོན་འཇུག་བྱས་ཡོད་པ་རེད།
སྐུ་ཞབས་ཇེ་མི་ལའེ་ལགས་ནི་རྒྱ་ནག་ཀང་ཀྲུའུ་རུ་སྐྱེས་ཤིང་ཕྱི་ལོ་ ༡༩༨༡ ལོར་ཧོང་ཀོང་ནང་གྱོན་གོས་ཚོང་ཁང་(Giordano International)ཟེར་བ་ཞིག་ཕྱེས་ཏེ་ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་དང་ས་གནས་ཁག་ ༣༠ ལྷག་གི་ནང་ཡན་ལག་ཚོང་ཁང་ ༢༤༠༠ ལྷག་ཡོད་པའི་ཕྱུག་བདག་ཅིག་ཡིན་པ་མ་ཟད། གསར་འགྱུར་ལས་རིགས་གཉེར་བའི་(Next Digital Limited)ཞེས་པ་སོགས་ཆེད་འཛུགས་བྱས་ཏེ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་བར་ནུས་པ་ཆེན་པོ་བཏོན་ཡོད་སྟབས། འདས་ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་ཁོང་ལ་གསར་འགོད་རང་དབང་གི་གཟེངས་རྟགས་ཀྱང་ཐོབ་ཡོད་འདུག
ཇེ་མི་ལའེ་ལགས་བཙོན་འཇུག་མ་བྱས་གོང་དུ་བྷི་བྷི་སི་གསར་ཁང་གིས་ཁོང་ལ་བཅར་འདྲི་བྱེད་སྐབས་ཁོང་གིས། གལ་ཏེ་ཁོ་ཚོས་ཁྱེད་ལ་འཇིགས་སྐུལ་བྱས་ཚེ། དེ་ནི་ཁོ་ཚོས་ཁྱེད་རང་སྟངས་འཛིན་བྱེད་ཐབས་སླ་ཤོས་དང་ལེགས་ཤོས་དེ་ཡིན་པ་མ་ཟད། ཁོ་ཚོས་དེ་ཤེས་ཀྱི་ཡོད་པ་རེད། དེར་ཁ་གཏད་གཅོག་རྒྱུའི་ཐབས་ཤེས་ཉག་གཅིག་ནི། འཇིགས་སྐུལ་ལ་གདོང་གཏད་དེ་ཁྱེད་རང་ཞེད་སྣང་འོག་མི་ཚུད་རྒྱུ་དེ་རེད། ཅེས་བརྗོད་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།