འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་དང་ནོར་སྦེལ་གཟེངས་རྟགས་ཐོབ་མཁན་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་ཟིང་འཁྲུག་བསླངས་པ་དང་ལྐོག་ས་རུལ་སུངས་སོགས་ཁྲིམས་འགལ་གྱི་ནག་ཉེས་བཅུ་གཅིག་བསགས་ཡོད་པའི་ངོས་འཛིན་འོག དེ་རིང་འབར་མའི་ཁྲིམས་ཁང་ཞིག་གིས་ཨང་སན་སུའུ་སྐྱིད་དང་འབར་མའི་སྲིད་འཛིན་ཟུར་བ་ཝིན་མེན་ཊི (Win Myint) གཉིས་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་འབྲེལ་བྷི་བྷི་སིའི་གནས་ཚུལ་ནང་། འབར་མའི་དྲག་དམག་སྲིད་གཞུང་གིས། འདི་ལོའི་ཕྱི་ཟླ་ ༢ པའི་ནང་ལྕམ་ཨང་སན་སུའུ་སྐྱིད་ལགས་རྒྱལ་ཁབ་ཀྱི་སློབ་སྟོན་པའི་གོ་གནས་ནས་ཕྱི་ཕུད་བཏང་རྗེས་རང་ཁྱིམ་དུ་བཟང་བཙོན་འོག་བཅུག་ཡོད་པ་དང་། ད་ལྟ་འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་སྲིད་འཛིན་ཟུར་བ་ཝིན་མེན་ཊི་གཉིས་ས་ཆ་གང་དུ་བཙོན་འཇུག་བྱ་རྒྱུ་ཡིན་པ་དང་ཡང་དངོས་སུ་བཙོན་ཁང་དུ་འཇུག་རྒྱུ་ཡིན་མིན་སོགས་གསལ་ཁ་མེད་སྐོར་བརྗོད་འདུག
ད་རེས་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་བཙོན་འཇུག་ཁྲིམས་ཐག་གཅོད་དོན་ནི། འདས་ལོར་ལྕམ་ཨང་སན་སུའུ་སྐྱིད་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ཡོད་ཀྱང་། སྐབས་དེར་འབར་མའི་དྲག་དམག་སྲིད་གཞུང་གིས་དམངས་གཙོ་ཡར་ཐོན་ཚོགས་པས་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་ཚུལ་བརྗོད་དེ། ཨང་སན་སུའུ་སྐྱིད་ཀྱི་གཞུང་རིམ་པས་རྩ་མེད་གཏོང་གི་ཡོད་པས་ཡིན་པ་དང་། དམིགས་བསལ་འདི་ལོའི་ཕྱི་ཟླ་ ༢ ནང་ཨང་སན་སུའུ་སྐྱིད་འཛིན་བཟུང་བྱས་པ་ནས་བཟུང་། འབར་མའི་ནང་རང་དབང་ལ་དགའ་ཞིང་མང་གཙོའི་གཞུང་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སེར་ཚོས་དྲག་དམག་སྲིད་གཞུང་ལ་ངོ་རྒོལ་རིམ་པ་བྱས་སྟབས། དྲག་དམག་སྲིད་གཞུང་གིས་ད་བར་མི་གྲངས་ ༡༠༦༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག
ཡང་། ཁ་སང་ཕྱི་ཚེས་ ༥ ཉིན་འབར་མའི་རྒྱལ་ས་ཡཱང་གྷོན་ནང་མི་མང་གིས་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་སྐབས་སུ། དྲག་དམག་སྲིད་གཞུང་གི་རླངས་འཁོར་ཞིག་གང་བྱུང་མི་ཚོགས་ཁྲོད་དུ་རྒྱུགས་ཏེ། ཁྱོན་མི་ ༥ བསད་ཡོད་པ་དང་མི་གྲངས་ ༡༡ ཡུལ་དངོས་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད། དམག་མིས་མང་ཚོགས་ཁྲོད་གང་བྱུང་མེ་མདའ་འཕངས་པ་སོགས་བྱུང་ཡོད་ཀྱང་། གཞུང་ཕྱོགས་ནས་ཤི་རྨས་ཐེབས་པའི་མིའི་གྲངས་འབོར་གྱི་གཙོས་ཨང་སན་སུའུ་སྐྱིད་དང་འབྲེལ་བའི་འབར་མའི་ནང་གི་གནས་ཚུལ་ཡོངས་ལ་བཀག་སྡོམ་བྱེད་མུས་ཡིན་པ་རེད།
ཁ་སང་གི་གནས་ཚུལ་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་ཀྱིས་མང་ཚོགས་ཁྲོད་གང་བྱུང་མེ་མདའ་འཕངས་པ་དང་ཞི་བའི་ལས་འགུལ་སྤེལ་མཁན་གྱི་མི་མང་ལ་དྲག་རྒོལ་བྱས་པ་ནི་འཇིགས་སུ་རུང་བ་བྱ་སྤྱོད་ཅིག་ཡིན་སྐོར་དྲག་དམག་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། ཨང་སན་སུའུ་སྐྱིད་བཟང་བཙོན་འོག་བཅུག་པ་ནས་ཉེ་བའི་ཟླ་བཅུ་ཙམ་རིང་འབར་མའི་ནང་མང་ཚོགས་ཀྱིས་ཡར་ལངས་དང་ངོ་རྒོལ་ལས་འགུལ་སོགས་སྤེལ་བ་དང་། དྲག་དམག་སྲིད་གཞུང་གིས་མི་མང་ལ་དྲག་གནོན་སོགས་བྱས་ཏེ་འབར་མའི་ནང་གི་ཞི་འཇགས་མེད་པར་གྱུར་ཡོད་པ་རེད།
སི་ཨན་ཨན་གསར་ཁང་གི་གནས་ཚུལ་ནང་། འབར་མའི་དྲག་དམག་སྲིད་གཞུང་གིས། ན་ནིང་གི་ལོ་མཇུག་ནས་ལྕམ་ཨང་སན་སུའུ་སྐྱིད་ཀྱི་སྲིད་དོན་ཚོགས་པས་འོས་བསྡུའི་གྲུབ་འབྲས་གཡོ་བཟོ་བྱས་པ་དང་ཏོག་དབྱིབས་གཉན་རིམས་ཀྱི་སྒྲིག་ཁྲིམས་ལས་བརྒལ་བ་སོགས་ཨང་སན་སུའུ་སྐྱིད་ལ་ཉེས་ཆད་བཅུ་གཅིག་བཀལ་ཡོད་ཀྱང་། ཨང་སན་སུའུ་སྐྱིད་ཀྱིས་ནག་ཉེས་གཅིག་ཀྱང་ངོས་ལེན་བྱས་མེད་པ་མ་ཟད། ཁྲིམས་རྩོད་བྱས་ཏེ་བདེན་པ་ར་སྤྲོད་ཐབས་བྱས་ནའང་། ཉེ་ལམ་ཕྱི་ཟླ་ ༡༠ པ་ནས་དྲག་དམག་སྲིད་གཞུང་གིས་ཨང་སན་སུའུ་སྐྱིད་ཀྱི་ཁྲིམས་རྩོད་པའི་ལས་དོན་ལ་བཀག་སྡོམ་བྱས་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ལ་སྐད་ཆ་གཅིག་ཀྱང་བཤད་མི་ཆོག་པར་བཟོས་ཡོད་སྐོར་བརྗོད་འདུག
ལོ་ངོ་ ༧༦ ཡིན་པའི་ཨང་སན་སུའུ་སྐྱིད་ནི། འདས་ལོར་འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་དང་མགོ་འཁྲིད་ཅིག་ནས། ད་ཆ་སླར་ཡང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་བཙོན་མ་ཞིག་ཏུ་གྱུར་ཡོད་པ་དང་། ཨང་སན་སུའུ་སྐྱིད་ཀྱིས་འབར་མའི་མང་གཙོ་དང་རང་དབང་གི་ཆེད་དུ་འཐབ་རྩོད་བྱས་ཏེ། ཕྱི་ལོ་ ༡༩༨༩ ནས་ ༢༠༡༠ བར་བཙོན་འཇུག་བྱས་མྱོང་། ཕྱི་ལོ་ ༡༩༩༡ ལོར་ནོར་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ཁོ་མོས་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སླད་ཞི་བའི་འཐབ་རྩོད་བྱས་པར་ངོས་འཛིན་གྱིས་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་ཡོད། ཁོ་མོས་དེ་སྔ་འབར་མའི་དྲག་དམག་གི་དབང་སྒྱུར་འོག་ཡོད་པའི་གཞུང་དེ་ཕྱེད་མང་གཙོའི་གཞུང་ཞིག་ལ་བསྒྱུར་ཡོད་པར་ཡོངས་གྲགས་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་ཟད། ལྕམ་ཨང་སན་སུའུ་སྐྱིད་ནི་འབར་མ་རྒྱལ་ཁབ་ཀྱི་མང་གཙོའི་ངོ་གདོང་ལྟ་བུར་གྱུར་ཡོད།
ཕྱི་ལོ་ ༢༠༡༥ ལོར་ཨང་སན་སུའུ་སྐྱིད་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་སྟེ། ཁོ་མོ་འབར་མ་རྒྱལ་ཁབ་ཀྱི་མགོ་འཁྲིད་དང་སློབ་སྟོན་པར་བསྡད་ཡོད། འོན་ཀྱང་། ཕྱི་ལོ་ ༢༠༡༧ ལོར་འབར་མའི་ནང་གི་རོན་ཧེ་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་རྩ་གཏོར་གྱི་གྱོད་དོན་དང་འབྲེལ་ནས། སྐབས་དེར་ཨང་སན་སུའུ་སྐྱིད་ཀྱི་གཞུང་ལ་རྒྱལ་སྤྱིའི་ངོས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་ཁོ་མོར་རྒྱལ་སྤྱིའི་དྲང་བདེན་གྱི་ཁྲིམས་ཁང་གིས་ཉན་ཞིབ་སོགས་བྱས་ཡོད་ལ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཕྱི་ལོ་ ༢༠༠༩ ལོར་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་ཕུལ་བའི་དཔྱོད་ཤེས་ཀྱི་བཙོན་པ་ཞེས་པའི་གཟེངས་རྟགས་ཕྱིར་བསྡུ་བྱས་ཡོད་པ་དང་། འཛམ་གླིང་གི་ཚད་མཐོ་ཤོས་ཀྱི་གཟེངས་རྟགས་སུ་ངོས་འཛིན་བྱེད་བཞིན་པའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་སོགས་ཀྱང་ཕྱིར་བསྡུ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
བོད་དོན་དང་འབྲེལ་ནས། ཨང་སན་སུའུ་སྐྱིད་བཙོན་གྲོལ་ཐོབ་སྟེ་ལོ་གཉིས་ལས་མ་འགོར་བར། ཕྱི་ལོ་ ༢༠༡༢ ལོར་ཨང་སན་སུའུ་སྐྱིད་ཀྱིས་རྒྱ་ནག་གི་གནོད་ཤུགས་ལ་ལྟོས་མེད་ཀྱིས་དབྱིན་ཇིའི་རྒྱལ་ས་ལིན་ཌོན་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད། ཡང་འདས་ལོའི་ཕྱི་ཟླ་ ༡ ནང་ཨང་སན་སུའུ་སྐྱིད་དང་ཞི་ཅིན་ཕིན་གཉིས་འབར་མ་ནས་ཐུག་སྟེ། སྐབས་དེར་འབར་མ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ནང་ཞུགས་ཡོད་པ་མ་ཟད། ཨང་སན་སུའུ་སྐྱིད་ཀྱིས་བོད་དང་ཐའེ་ཝན། ཤིན་ཅང་སོགས་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་པར་བརྟེན། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་ཐའེ་ཝན་ཕྱི་སྲིད་ལྷན་ཁང་སོགས་ནས་ཨང་སན་སུའུ་སྐྱིད་ཀྱི་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་བྱས་ཡོད།
ཨང་སན་སུའུ་སྐྱིད་ཕྱི་ལོ་ ༡༩༤༥ ལོར་སྐྱེས་ཤིང་། དེང་རབས་ཀྱི་འབར་མའི་རྒྱལ་ཁབ་སྲོལ་གཏོད་མཁན་ནམ་འབར་མའི་ཡབ་ཆེན་དུ་འབོད་པའི་སྐུ་ཞབས་ཨང་སན་ (Aung San) དང་ཨ་མ་ཁི་སྐྱིད་ (Khin Kyi) གཉིས་ཀྱི་བུ་མོ་ཆུང་ཤོས་ཡིན། ཕྱི་ལོ་ ༡༩༦༤ ལོར་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་དང་། ཕྱི་ལོ་ ༡༩༦༨ ལོར་ཨོ་ཁུ་སི་ཧྥོ་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་སོགས་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༨ ལོར་ཕྱིར་འབར་མར་ལོགས་ཏེ། འབར་མའི་དམག་དཔོན་ཟུར་བ་འགས་ལྷན་དུ་དམངས་གཙོ་ཡར་ཐོན་ཚོགས་པ་བཙུགས། ཕྱི་ལོ་ ༡༩༩༠ ལོར་དམངས་གཙོ་ཡར་ཐོན་ཚོགས་པར་གཞུང་འཛིན་པའི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་། དྲག་དམག་སྲིད་གཞུང་གིས་སྲིད་དབང་རྩིས་སྤྲོད་བྱས་མེད་པ་མ་ཟད། ཨང་སན་སུའུ་སྐྱིད་འོས་བསྡུའི་གོང་མཚམས་ནས་བཟང་བཙོན་འོག་བཅུག་ཡོད། ཕྱི་ལོ་ ༡༩༨༩ ནས་ ༢༠༡༠ བར་བཟང་བཙོན་འོག་བཅུག་པའི་བརྒྱུད་རིམ་ཁྲོད། ཁོ་མོར་ནོར་སྦེལ་ཞི་བདེ་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས། འཚེ་མེད་ཞི་བའི་བུ་མོ་ཞེས་པ་སོགས་རྒྱལ་སྤྱིའི་སྟེང་ངོས་འཛིན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་མྱོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།