འདས་པའི་བདུན་ཕྲག་ནང་རྒྱ་བལ་གཉིས་ཀྱི་ནང་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་ནད་པ་གསར་པ་ ༧ བྱུང་བ་བཅས་ད་ལྟ་ན་བཞིན་པའི་ནད་པ་ཁྱོན་ ༡༤ ཡོད་པ་དང་རྒྱ་གར་ནང་ཨོ་མི་ཁི་རོན་ཏོག་གསར་མགྱོགས་པོར་ཁྱབ་ཀྱི་ཡོད་པས་བོད་མི་ཚང་མས་ཡེ་ཤུ་འཁྲུངས་སྐར་དང་ཕྱི་ལོའི་ལོ་སར་སོགས་སུ་གཟབ་གཟབ་དགོས་ཀྱི་ཡོད་འདུག
ཁ་སང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༡ སྤེལ་སྐབས། འདས་པའི་བདུན་ཕྲག་གཅིག་ནང་ཏོག་དབྱིབས་ནད་པ་གསར་པ་ ༧ བྱུང་ཡོད་པ་དང་། རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༡༠༡ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་ ༣༠ བཅས་ཁྱོན་བསྡོམས་ཟུར་བཀག་ཁང་དུ་སྡོད་མཁན་མི་གྲངས་ ༡༣༡ ཡོད་འདུག ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རིམ་གྱིས་ནད་པ་གསར་པ་དང་ཟུར་བཀག་ཏུ་སྡོད་མཁན་ཧ་ཅང་ཉུང་དུ་འགྲོ་བཞིན་འདུག
གསར་འགོད་གསལ་བསྒྲགས་སྟེང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། བོད་པའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཀྱི་ནད་གཞི་འགོས་ནས་རྐྱེན་འདས་ཕྱིན་པ་མང་ཆེ་བ་ནི་ལོ་དྲུག་ཅུའི་ཡན་ཡིན་ཡང། ན་གཞོན་ཚོས་རིམས་ནད་ལ་སྣང་མེད་དུ་གཏན་ནས་མི་བཞག་པར། ནད་ཡམས་སྔོན་འགོག་གི་ཐབས་ལ་བསྟེན་ནས་རིམས་ནད་ལ་དོགས་གཟོན་དང་སྔོན་འགོག་བྱ་དགོས་པ་དང་། དེ་བཞིན་གཉན་སྲིན་གྱི་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་གསར་པ་དེ། ཟླ་གཅིག་ཙམ་གྱི་ནང་དུ་རྒྱལ་ཁབ་བརྒྱད་ཅུ་ལྷག་གི་ནང་དུ་ཁྱབ་གདལ་བྱས་དང་བྱེད་མུས་ཡིན་པས། བོད་མི་ཚོས་རིམས་ནད་དེར་དོགས་གཟོན་ནན་མོ་བྱ་དགོས་པ་དང་། ཏོག་ནད་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་མེད་མཁན་ཚོས་ངེས་པར་དུ་སྔོན་འགོག་སྨན་ཁབ་རྒྱག་དགོས་སྐོར་སོགས་བརྗོད་སོང་།
ཕྱི་ལུགས་སྨན་པ་བརྩོན་འགྲུས་ལགས་ཀྱིས། ཉེ་ལམ་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་གཉན་སྲིན་གསར་པ་དེ་འགོས་ཁྱབ་འགྲོ་མུས་ཡིན་པ་ལྟར། རྒྱ་གར་ནང་དུའང་ཁྱབ་གདལ་འགྲོ་མུས་ཡིན་པས། བོད་མི་ཚོས་ཁ་རས་སོགས་གྱོན་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་མི་མང་པོ་ཞིག་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་དགུན་ཚོང་ལ་བསྐྱོད་ཟིན་ནས་ཕྱིར་གཞིས་ཆགས་སུ་ལོག་འགྲོ་ཡི་ཡོད་སྟབས། ཏོག་དབྱིབས་ཀྱི་གཉན་སྲིན་གསར་པ་དེ་མི་འགོས་ཆེད། བོད་པའི་ཚོགས་སྡེ་ཁག་དང་སློབ་གྲྭ་ཁག་གིས་དོགས་གཟོན་བྱ་དགོས་པའི་ལམ་སྟོན་གནང་སོང་།
ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་མི་གྲངས་ ༦༩༧༦ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༦༨༠༠ དང་། རྐྱེན་འདས་སུ་ཕྱིན་པ་ ༡༦༢། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་ ༡༤ ཡོད་འདུག དེ་བཞིན་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་གྲངས་ ༤༦༧༧༤ དང་། དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༣༥༠༢ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉིས་ཀ་བརྒྱབ་ཟིན་པའི་མི་ ༧༠༠༢ ཡོད་འདུག དང་པོ་བརྒྱབ་ཟིན་པའི་མི་གྲངས་ ༦ ཙམ་ཡོད་འདུག
གསར་འགོད་པ། དཔལ་ལྡན།