རྒྱ་གར་ནང་ཉིན་གཅིག་རིང་ཏོག་དབྱིབས་ནད་པའི་གྲངས་འབོར་ཤུགས་ཆེན་འཕར་བར་བརྟེན། རྒྱ་གར་གྱི་མངའ་སྡེ་ཁག་གིས་ནད་རླབས་གསར་བར་གྲ་སྒྲིག་དང་གདོང་ལེན་གནང་གི་ཡོད་འདུག
ལྷོ་ཨ་ཧྥི་རི་ཁ་ནས་ཐོག་མར་འགོས་ཁྱབ་བྱུང་བའི་ཏོག་དབྱིབས་གཉན་རིམས་གསར་པ་ཨོ་མི་ཁོ་རོན་ཟེར་བ་དེ་འཛམ་གླིང་གི་ཡུལ་ལུང་གང་མང་ནང་ཁྱབ་ཀྱི་ཡོད་པ་ལྟར། དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནང་དུ་འདས་པའི་ཆུ་ཚོད་ ༢༤ ནང་དུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་གྲངས་ ༥༨༠༠༠ ཙམ་ཞིག་བྱུང་སྟེ། ཉིན་མ་གཅིག་གི་ནང་དུ་ནད་དུག་ཁྱབ་ཚད་བརྒྱ་ཆ་ ༥༦ ཙམ་དུ་ཟིན་ཡོད་སྟབས། དེ་ནི་ད་བར་ངོ་བོ་འགྱུར་བའི་ནད་རླབས་མཆེད་པ་ནས་ཏོག་ནད་འགོས་ཁྱབ་ཀྱི་བརྒྱ་ཆ་མཐོ་ཤོས་དེ་ཡིན་སྐོར་བསྒྲགས་འདུག
དེའི་ཐད་རྒྱ་གར་གྱི་ཏོག་དབྱིབས་འགོག་ཁབ་ཀྱི་འགན་འཛིན་སྐུ་ཞབས་ཨ་རོ་རཱ( Arora ) ལགས་ཀྱིས། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་རླབས་གསུམ་པ་མགོ་བཙུགས་ཟིན་ཡོད། དེ་ཡང་ནད་རླབས་གསུམ་པ་དེ་ནི་ངོ་བོ་འགྱུར་བའི་ཨོ་མི་ཁུ་རོན་རྐྱང་པས་ནད་ཡམས་འགོས་ཁྱབ་ཀྱི་ཤུགས་རྐྱེན་ཐེབས་སྲིད་པ་རེད། ཅེས་བརྗོད་ཡོད་པ་དང་། ད་ལྟ་རྒྱ་གར་ནང་དུ་ཏོག་དབྱིབས་ནད་པ་གསར་པ་དེ་འགོས་པའི་མི་གྲངས་ ༢༡༣༥ ལྷག་བྱུང་བའི་ཁྲོད་མི་གྲངས་ ༨༢༨ ཙམ་དྲག་སྐྱེད་བྱུང་ཡོད་འདུག
ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཏོག་ནད་འགོས་ཁྱབ་ཇེ་ཆེར་འགྲོ་མུས་ཡིན་སྟབས། བདུན་རེའི་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ཀར་མི་མང་གི་འགྲོ་སྐྱོད་དང་ཚོང་ཁང་སོགས་བཀག་སྡོམ་བྱ་རྒྱུ་ཡིན་པ་མ་ཟད། ལྡི་ལིའི་འཕྲོད་བསྟེན་བློན་ཆེན་གྱིས། རྒྱལ་ས་ལྡི་ལི་ཁུལ་གྱི་ནད་པའི་བརྟག་དཔྱད་གྲུབ་འབྲས་བརྒྱ་ཆ་༨༡ ཙམ་ལ་ཏོག་ནད་ཀྱི་གཉན་སྲིན་གསར་པ་འགོས་ཁྱབ་བྱུང་ཡོད་པས། ལྡི་ལི་ཁུལ་གྱི་སྨན་པ་ཚོའི་དགུན་དུས་གུང་སེང་མེད་པར་བཟོས་ཡོད་པ་རེད་འདུག
ད་ལྟ་ཧི་མ་ཅལ་ཚུད་པའི་རྒྱ་གར་གྱི་མངའ་སྡེ་ ༢༤ ནང་དུ་ཨོ་མི་ཁུ་རོན་ཏོག་དབྱིབས་ནད་གསར་པ་འགོས་ཁྱབ་བྱུང་བའི་ནད་པ་ཐོན་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་མ་ཧཱ་ར་ཤི་ཊ། པན་ཇབ། ཁར་ན་ཊ་ཀ ནུབ་བྷན་གྷལ་ ( west bengal) དང་གྷོ་བ་སོགས་ཀྱིས་མཚན་མོའི་འགྲོ་སྐྱོད་བཀག་སྡོམ་བྱེད་མུས་ཡིན་པ་དང་། དེ་བཞིན། རྒྱ་གར་གཞུང་གིས་དབྱིན་ཡུལ་དང་ལྷོ་ཨ་ཧྥེ་རི་ཁ། སྦིར་ཛིལ། བྷ་ལ་དེ་ཤི། རྒྱ་ནག སེངྒ་པུར། ཧོང་ཀོང་། ཨི་ཛི་རལ་(Israel)། ཡུ་རོབ་སོགས་འཛམ་གླིང་རྒྱལ་ཁབ་ ༣༤ ནས་ཡོང་བའི་འགྲུལ་བ་ཚོར་བཀག་སྡོམ་ནན་པོ་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་དེ་དག་ནས་ཡོང་བའི་འགྲུལ་བ་རྣམས་གནམ་ཐང་དུ་འབྱོར་མ་ཐག་རིམས་ནད་བརྟག་དཔྱད་བྱེད་དགོས་ཤིང་། བརྟག་དཔྱད་ཀྱི་གྲུབ་འབྲས་མ་ཐོན་བར་དུ་གནམ་ཐང་གི་ཕྱི་རོལ་དུ་ཐོན་མི་ཆོག་པ་དང་། ནད་རྟགས་ཐོན་པའི་རིགས་ཟུར་བཀག་ཏུ་བཞག་ནས་བརྟག་དཔྱད་དང་སྨན་བཅོས་བྱེད་ཀྱི་ཡོད་འདུག་ལ། ནད་རྟགས་ཐོན་མེད་པའི་འགྲུལ་བ་རྣམས་ཀྱང་རང་ཁྱིམ་དུ་བདུན་ཕྲག་གཅིག་རིང་ཟུར་བཀག་ཏུ་སྡོད་དགོས་པ་དང་། ཉིན་གྲངས་བརྒྱད་པ་དེར་བསྐྱར་དུ་བརྟག་དཔྱད་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ངོས་ནས། ལྷོ་ཨ་ཧྥི་རི་ཁ་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་སྲིན་གསར་པ་ཨོ་མི་ཁུ་རོན་དེ་ཉིད་བློ་འཚབ་བྱ་ཡུལ་གྱི་གཉན་སྲིན་ (Variant of Concern) ཞིག་ལ་ངོས་འཛིན་གྱིས་འཛམ་གླིང་ཡོངས་དང་། ལྷག་པར་དུ་ནད་ཡམས་ཁྱབ་གདལ་དུ་འགྲོ་མུས་ཡིན་པའི་རྒྱལ་ཁབ་རྣམས་ཀྱིས་གཉན་རིམས་འགོག་སྡོམ་གྱི་ཐད་ལ་ཤུགས་སྣོན་སྔར་ལྷག་དགོས་པའི་ལམ་སྟོན་བྱས་ཡོད་ཀྱང་། ཏོག་དབྱིབས་རིམས་ནད་ཀྱི་ངོ་བོ་གྱུར་བའི་གཉན་སྲིན་གསར་པ་ཨ་རི་གཙོས་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་ཏུ་འགོས་ཁྱབ་ཤུགས་ཆེན་ཕྱིན་ཏེ། གཞུང་སྒེར་ཚང་མར་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་པ་རེད།
དེ་རིང་རྒྱལ་སྤྱིའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་གྲངས་ཐོ་ཞིབ་བཤེར་བྱེད་པའི་གསར་ཁང་(Worldometer)གི་གནས་ཚུལ་ལྟར་ན། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་དེ་འཛམ་གླིང་ཡོངས་སུ་ཁྱབ་གདལ་ཤུགས་ཆེན་ཕྱིན་ནས། མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཞིག་ཐེབས་པའི་ཡོད་པ་ལྟར། ད་བར་རྒྱ་གར་ནང་དུ་ནད་པ་མི་གྲངས་ ༣༥༠༧༦༤༥༥ ལྷག་བྱུང་བའི་ཁྲོད། མི་གྲངས་ ༤༨༣༠༨༥ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༣༤༣༤༨༡༩༩ ལྷག་དྲག་སྐྱེད་བྱུང་དེ། ད་ལྟ་ནད་མནར་བཞིན་པ་མི་གྲངས་ ༢༡༤༠༠༤ ཡོད་འདུག
གསར་འགོད་པ། དཔལ་ལྡན།
རྒྱ་འདྲེ་དེས་བཟོས་སོང་ལས་ཀ་ཚང་མ།
tenzin