འདི་ལོའི་ཕྱི་ཟླ་ ༣ པ་ནས་རྒྱ་ནག་གཞུང་གིས་མཚོ་སྔོན་ནང་དྲ་ཐོག་གི་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་ཡོངས་མེད་པར་བཟོ་རྒྱུ་ཡིན་པ་དང་། གལ་སྲིད་མུ་མཐུད་དྲ་ཐོག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མཁན་རིགས་ཡོད་ཆེ་ཉེས་ཆད་ཚབས་ཆེན་གཏང་རྒྱུ་ཡིན་འདུག
འདི་གའི་གསར་འགོད་པར་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ནང་དྲ་ལམ་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་ལ་ཞིབ་བཤེར་གྱིས། དྲ་ཐོག་གི་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བའི་རིགས་ཡོངས་མེད་པར་བཟོ་རྒྱུ་ཡིན་པ་མ་ཟད། ཆོས་ལུགས་དང་འབྲེལ་བའི་ཚོགས་པ་ཁག་གི་ཚོགས་གཙོ་བྱས་པའི་ཚོགས་མི་དང་། མི་སྒེར་གྱི་དྲ་ཐོག་གི་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་མཚམས་འཇོག་མ་བྱས་ཚེ། མང་ཚོགས་ཁྲོད་གསང་ཉུལ་བ་འགྲེམས་འཇོག་གིས། འཛིན་བཟུང་བཀག་ཉར་ཚུད་པའི་ཉེས་ཆད་གཅོད་རྒྱུ་ཡིན་འདུག
གནས་ཚུལ་མཁོ་སྤྲོད་པས་བཏང་བའི་དེ་འབྲེལ་གནས་ཚུལ་ནང་། མཚོ་སྔོན་ཞིང་ཆེན་གྱི་དཔོན་རིགས་ཤིག་གིས་ཁ་པར་ལམ་ནས་བོད་མི་ཞིག་ལ་སྔོན་བརྡའི་ཚུལ་དུ་འགྲེལ་བརྗོད་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་དབུས་དང་ཞིང་ཆེན་སྤྱི་བདེ་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་གྱིས། མཚོ་སྔོན་ཞིང་ཆེན་ནང་དྲ་ལམ་ཞིབ་བཤེར་བྱས་ཏེ། དྲ་ཐོག་ཏུ་ཡོད་པའི་བཟང་སྤྱོད་དང་མ་ཎི་སོགས་ཆོས་ལུགས་ཀྱི་ཚོགས་པ་ཡོངས་ད་ལྟ་ནས་མེད་པར་མ་བཟོས་ཚེ། རྗེས་ཕྱོགས་ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་དྲ་ཐོག་ཞིབ་བཤེར་བྱེད་མཁན་སྐྱེས་ཕོ་མོ་དང་ཁ་ལོ་བ། གཞུང་ཞབས་པ་སོགས་སུ་ཡིན་གསལ་ཁ་མེད་པར་དྲ་ཐོག་ཏུ་འཛུལ་ནས་ཞིབ་བཤེར་དང་རྩད་གཅོད་ཀྱིས་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ལ། དྲ་ཐོག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་རྩ་མེད་དུ་གཏོང་བའི་སྲིད་ཇུས་དེ། རྒྱ་ནག་དབུས་ནས་ཞིང་ཆེན་དང་ཁུལ། རྫོང་རིམ་པ་སོགས་ཚང་མའི་ནང་ལག་བསྟར་བྱ་འཆར་ཡོད་པ་རེད་འདུག
མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་དེས་དམིགས་བསལ་མཚོ་སྔོན་ནང་ཆོས་ཕྱོགས་དང་འབྲེལ་བའི་དྲ་ཐོག་ཚོགས་པ་མང་པོ་ཡོད་སྟབས། ད་ལྟ་ནས་ཚོགས་པ་དེ་དག་མེད་པར་བཟོས་ཏེ། རྗེས་ཕྱོགས་ཚོགས་པ་དང་མི་སྒེར་སུ་ཞིག་ཡིན་རུང་དྲ་ལམ་དུ་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་མི་སྤེལ་བའི་འབོད་སྐུལ་ཡང་བྱས་ཡོད་འདུག་ལ། རྩ་བའི་ཆ་ནས་བོད་ནང་སྤྱི་ཚོགས་དྲ་ལམ་དར་ཁྱབ་བྱུང་བ་དང་བསྟུན། བོད་ནང་གི་བོད་མི་ཚོས་ཚེས་བཟང་དུས་བཟང་སྐབས་ཆོས་ཕྱོགས་དང་འབྲེལ་བའི་ཁ་འདོན་དགེ་སྦྱོར་གནང་རྒྱུ་བརྒྱུད་སྐུལ་དང་། ཡ་རབས་བཟང་སྤྱོད་དང་འབྲེལ་བའི་གཞན་ཕན་གྱི་བྱ་བ་སྒྲུབ་པ། སྲོག་ཐར་གཏོང་བ་སོགས་དྲ་ལམ་ནས་བརྒྱུད་སྐུལ་བྱེད་ཀྱི་ཡོད་ཀྱང་། ད་ལན་དྲ་ཐོག་ཏུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་མེད་པར་བཟོ་བ་ནི་བོད་མིའི་ཆོས་དད་རང་དབང་ལ་ཚོད་འཛིན་གྱི་བྱ་སྤྱོད་ཅིག་ཆགས་ཡོད་པ་རེད།
ཕྱི་ལོ་ ༢༠༡༥ ཟླ་ ༥ བའི་ནང་་རྒྱ་ནག་གི་རྒྱལ་ས་པེ་ཅིན་འཚོགས་པའི་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་ཚོགས་འདུ་ཟེར་བའི་སྟེང་། ཞི་ཅིན་ཕིན་གྱིས་ཐེངས་དང་པོར་བོད་རྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་ཞེས་པའི་གཏམ་བཤད་སྤེལ་བ་ནས་བཟུང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཁུལ་དུ་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ། ད་ལྟ་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་སུ། བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་ཁག་ཅིག་བཙན་འཁྲིད་ཀྱིས། ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བར་ཡིག་བསྒྱུར་སོགས་ཀྱི་ལས་ཀ་བྱེད་དུ་འཇུག་གི་ཡོད་སྐོར་བོད་ནང་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་བྱས་བྱུང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།