ཚེ་བརྟན་བཀྲ་ཤིས།
ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཡོལ་ཙམ་ལ་བལ་ཡུལ་འཕགས་ཤིང་རླངས་འཁོར་བབས་ཚུགས་སུ་འབྱོར། དེ་ནི་བཞུགས་སྒར་དྷ་རམ་ས་ལ་ནས་བལ་ཡུལ་བར་ཉིན་གཉིས་དང་མཚན་གཉིས་ཏག་ཏག་སྤྱི་སྤྱོད་རླངས་འཁོར་ནང་ཡོང་རྗེས་སུ་རེད། སྐབས་དེར་ཆར་པ་སིམ་སིམ་བབ་བཞིན་འདུག འགྲུལ་པ་རྣམས་རླངས་འཁོར་ལས་བབས་རྗེས་རང་རང་ཕྱོགས་སུ་གྱེས་བཞིན་འདུག་པས་ངས་ཀྱང་རོགས་པ་ཁ་ཤས་མཉམ་གཅུང་མོའི་སར་གླ་འཁོར་ཞིག་གླས་ཏེ་ཐོན། རླངས་འཁོར་བབས་ཚུགས་ནས་མཆོད་རྟེན་ཉེ་འགྲམ་བར་གླ་འཁོར་ཁ་ལོ་པས་བལ་སྒོར་བརྒྱད་བརྒྱ་བླངས་སོང་བས་ང་ཚོ་མི་བཞིས་ཉིས་བརྒྱ་རེ་སྤྲད། ལམ་ལ་སྐར་མ་སུམ་ཅུ་ཙམ་འགོར་རྗེས་གཅུང་མོའི་སར་འབྱོར་པ་དང་། “ས་མཚམས་ལ་དཀའ་ངལ་མ་བྱུང་ངམ་”ཞེས་ཐོག་མར་དྲིས། དྲི་བ་དེ་ནི་ང་ལྟ་བུའི་ལག་ཁྱེར་མེད་པར་བལ་ཡུལ་ནང་ཡོང་མཁན་ཀུན་གྱི་སེམས་ཁྲལ་བྱ་གཞི་གཅིག་པུ་དེའང་རེད། འོ་ན་ཡང་སྙིང་ས་མཚམས་ལ་དཀའ་ངལ་གང་ཞིག་ཡོད་དམ། གལ་ཏེ་ཀློག་པ་པོ་ཁྱེད་རང་བལ་ཡུལ་ས་མཚམས་བརྒལ་མ་མྱོང་བའམ། ཡང་ན་བལ་ཡུལ་ལ་འགྲོ་འདོད་ཡོད་མཁན་ཞིག་ཡིན་ཚེ་ཏན་ཏན་དེའི་སྐོར་གྱི་གནས་ཚུལ་ཤེས་འདོད་ཡོད་པ་ངས་ཤེས་ཚོར་ཐུབ་ཀྱི་འདུག དེས་ན་གཤམ་དུ་ངས་བལ་ཡུལ་ས་མཚམས་ཇི་ལྟར་བརྒལ་བ་དང་ས་མཚམས་སུ་དཀའ་ངལ་གང་ཞིག་འཕྲད་མིན་སོགས་ཀྱི་སྐོར་ལ་བརྗོད་འདོད་པས། ཁྱེད་ཀྱིས་རྩོམ་ཡིག་འདི་ཆ་ཚང་ཀློག་པའི་ཡིད་ཆེས་ཡོད།
ངས་བལ་ཡུལ་དུ་བསྐྱོད་པའི་འགྲུལ་བཞུད་འདི་ཐེངས་གཉིས་པ་ཡིན། ཐེངས་དང་པོ་མི་ལོ་བཅོ་ལྔའི་གོང་སྟེ་ཕྱི་ལོ་ ༢༠༠༦ ལོར་བསྐྱོད། སྐབས་དེ་དུས་བལ་བོད་ས་མཚམས་སུ་ཅུང་གུ་ཡངས་ཡོད་པས་དྲིན་ཆེན་ཕ་མ་གཉིས་ཁྱུག་ཙམ་མཇལ་རྒྱུའི་གོ་སྐབས་བྱུང་ཞིང་། མཇལ་འཛོམས་ཀྱི་དུས་ཡུན་ཐུང་ངུ་དེར་དུས་ད་ལྟ་ཡང་རིན་ཐང་ཆེན་པོ་ཚོར་བཞིན་ཡོད། ད་རེས་ཀྱི་འགྲུལ་བཞུད་འདིར་གཅུང་མོ་ཐུག་འཕྲད་དང་གུང་གསེང་ཙམ་ལས་དམིགས་ཡུལ་གཞན་མེད་པས་འགྲུལ་བཞུད་འདིར་སེམས་ངལ་གང་ཡང་མེད། ཐེངས་འདིའི་འགྲུལ་བཞུད་འདི་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༣ ཉིན་ནས་འགོ་ཚུགས། ཉིན་དེའི་དགོང་མོའི་ཆུ་ཚོད་ ༧ དང་ཕྱེད་ཀར་བཞུགས་སྒར་དྷ་རམ་ས་ལ་ནས་ལྡི་ལིར་སྤྱི་སྤྱོད་རླངས་འཁོར་ནང་ཐོན། དེའི་གོང་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་ངོས་སྦྱོར་ཡི་གེ་གྲ་སྒྲིག་བྱས་ཤིང་དེ་ནི་བལ་ཡུལ་ས་མཚམས་དགག་སྒོར་སྟོན་རྒྱུ་ཡོད་པའི་ལག་ཁྱེར་གཅིག་པུ་དེའང་ཡིན། ཕྱི་ཚེས་ ༤ ཞོགས་པའི་ཆུ་ཚོད་ ༦ པ་མ་ཟིན་གོང་མན་ཇུ་ཀྲི་ལར་འབྱོར། ལྡི་ལི་བསམ་ཡས་གླིང་དགོན་པའི་མདུན་དེར་ཀིརྟི་གྲྭ་ཚང་གི་སྐུ་ཞབས་བཀྲ་ཤིས་དང་ལྷན་དུ་ཞོགས་ཇར་རོལ། ཁོང་ནི་གཞིས་ཆགས་ནང་འཚར་ལོངས་བྱུང་ཡང་ཁོང་གི་སྐད་ཆའི་ནང་ཨམ་སྐད་ཀྱི་སྒྲ་གདངས་གསལ་པོ་ཐོན་གྱི་འདུག དྷ་རམ་ས་ལ་ནས་ལྡི་ལིར་ཡོང་དུས་ང་གཉིས་རླངས་འཁོར་གཅིག་གི་ནང་རེད། ཞོགས་ཇ་བཟས་གྲུབ་པ་དང་ཆུ་ཚོད་ ༧ པར་ངས་བལ་ཡུལ་དུ་འགྲོ་མཁན་རླངས་འཁོར་ཡོད་སར་ཐོན། སྐུ་ཞབས་བཀྲ་ཤིས་སླར་ཡང་དེར་ཐུག ཁོ་པ་བལ་ཡུལ་དུ་འགྲོ་མཁན་དགོན་པའི་གྲྭ་པ་ཞིག་སྐྱེལ་བར་ཡོང་ཚུལ་བརྗོད་པས། སེམས་ལ་ཨཱ་ཡ་མཚན་ཡང་བསྐྱར་བལ་ཡུལ་བར་ཀིརྟི་གྲྭ་ཚང་གི་གྲྭ་པ་ཞིག་མཉམ་དུ་ཡོད་པ་རེད་ཨང་སྙམ།
བལ་ཡུལ་དུ་འགྲོ་མཁན་སྤྱི་སྤྱོད་རླངས་འཁོར་ཡོད་སར་རླངས་འཁོར་གཉིས་ཡོད་པ་དང་། འགྲུལ་པ་རྣམས་གཅིག་རྗེས་གཉིད་མཐུད་ཀྱིས་དེར་འབྱོར་བཞིན་པ་ནི་ཇི་ལྟར་པད་མོའི་ཚལ་ལ་བུང་བའི་ཚོགས་འདུ་བ་དང་གཉིས་སུ་མ་མཆིས། རྗེས་སུ་ཤེས་རྟོགས་བྱུང་བར་རླངས་འཁོར་དེ་གཉིས་ནི་བལ་ཡུལ་དུ་འགྲོ་མཁན་གྱི་རླངས་འཁོར་གཅིག་པུ་དེ་ཡིན་འདུག རླངས་འཁོར་གཅིག་གི་མདུན་དང་རྒྱབ་ལ་བལ་ཡུལ་དང་རྒྱ་གར་གྱི་རྒྱལ་དར་མཉམ་སྦྱར་བྱས་ཡོད་པ་དང་། དེ་ནི་ས་མཚམས་སོ་ནཱ་ལི་ Sonauli[1] བརྒྱུད་བལ་ཡུལ་བར་ཁ་ཐུག་འགྲོ་མཁན་གྱི་རླངས་འཁོར་དེ་རེད། རླངས་འཁོར་འདིར་ཆ་རྐྱེན་ཅུང་མཐོ་སྟེ་ཏོག་དབྱིབས་ནད་རྟགས་མེད་པའི་ངོས་སྦྱོར་དགོས་པ་མ་ཟད། སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་ངོས་སྦྱོར་དང་། དེ་བཞིན་ས་མཚམས་དགག་སྒོར་ཞིབ་བཤེར་ངེས་པར་འགྲོ་དགོས་པས་ལག་ཁྱེར་ཡོད་མཁན་རིགས་རྣམས་མ་གཏོགས་དེ་མིན་འགྲོ་མཁན་ཉུང་། རླངས་འཁོར་གཅིག་ཤོས་དེ་ནི་ཧི་མ་ལ་ཡའི་འགྲིལ་འགྲུལ་ Himalaya journey ཞེས་པ་དེ་རེད། རླངས་འཁོར་འདི་ས་མཚམས་ཀུ་ཤི་ན་གྷར་Kushinagar [2]བར་འགྲོ་སྐྱོད་བྱེད་ཅིང་། དེ་རྗེས་བལ་ཡུལ་སྤྱི་སྤྱོད་རླངས་འཁོར་ནང་འགྲུལ་པ་རྣམས་བལ་ཡུལ་རྒྱལ་ས་བར་སྐྱེལ་འདྲེན་བྱེད་ཀྱི་འདུག འོན་ཀྱང་འཛིན་བྱང་ཟུར་དུ་མངགས་ཉོ་མི་དགོས་པར་གཅིག་གི་འཐུས་ཤིང་། རླངས་འཁོར་འདིའི་ནང་འགྲོ་མཁན་རྣམས་ནི་ལག་ཁྱེར་མེད་པའི་འགྲུལ་པ་རྣམས་ཡིན་པས་ང་ཡང་རླངས་འཁོར་འདིའི་ནང་འགྲོ་མཁན་གྱི་གྲས་ཡིན།
འཛིན་བྱང་ནང་རླངས་འཁོར་ཐོན་དུས་ཞོགས་པའི་ཆུ་ཚོད་བརྒྱད་པ་གསལ་མོད་འོན་ཀྱང་དངོས་སུ་ཐོན་དུས་ཆུ་ཚོད་ ༩ དང་སྐར་མ་ ༨ རེད། དྷ་སའི་གནམ་གཤིས་དང་བསྡུར་ན་འདིར་གྲང་ངར་དེ་ཙམ་མི་ཆེ་ཞིང་། ཆར་རླུང་དལ་བུ་ཞིག་གིས་ལམ་ཟུར་གྱི་ཤིང་ལོ་དག་ཡོམ་ཡོམ་འགུལ་བ་རླངས་འཁོར་སྒེའུ་ཁུང་ལས་གསལ་པོར་མཐོང་གི་འདུག རླངས་འཁོར་ནང་འཛུལ་རྗེས་རྐུབ་སྟེགས་ཨང་གྲངས་མི་གསལ་བས་འགྲུལ་པ་རྣམས་ཀྱིས་སོ་སོའི་སྡོད་གནས་གང་དུ་ཡིན་མིན་ཐག་མ་ཆོད་པར་གཅིག་གིས་གཅིག་ལ་ “ང་ཨང་གྲངས་བཅུ་”རེད། “ང་བཅུ་དྲུག་རེད་”ཅེས་སོགས་ཀྱི་སྐད་སྒྲས་རླངས་འཁོར་ནང་རེ་ཞིག་བྱེའུ་ཁྱུ་ཞིག་བབ་པ་དང་མཚུངས། ཡུད་ཙམ་རྗེས་རླངས་འཁོར་ཁ་ལོ་པའི་རོགས་པ་སླེབས་པས་ཁོ་པས་ཀྱང་ཨང་གྲངས་འདི་རེད་ཅེས་ཐག་མ་ཆོད་པར་རྐུབ་སྟེགས་བང་རིམ་བཞིན་མདུན་ནས་བརྩིས་ཏེ་ཨང་གྲངས་ག་འཁེལ་སར་ཁྱེད་རང་གི་རྐུབ་སྟེགས་འདི་རེད་ཅེས་སོགས་ངོ་སྤྲད་པས་འགྲུལ་པ་རྣམས་ཅུང་ལྷོད་ལ་བབ་པ་ལྟ་བུའི་རྣམ་པས་འུར་ཆིལ་ཆིལ་གྱི་སྐད་སྒྲ་ཡང་དལ་གྱིས་འཇགས། ངའི་མཚམས་དེར་སླེབས་དུས་དཀའ་ངལ་ཅུང་བྱུང་བ་ནི་རྐུབ་སྟེགས་ཨང་གྲངས་ཉི་ཤུ་བྱས་པ་གཉིས་ཡོད་པས་རེད། ངས་འཛིན་བྱང་ཉོ་ས་སེངྒེ་འགྲིམ་འགྲུལ་ཁང་ལ་འབྲེལ་མཐུད་བྱས་ཏེ་རྐུབ་སྟེགས་ཨང་གྲངས་ཉི་ཤུ་བྱས་པ་གཉིས་འདུག ཁ་ལོ་པར་དེའི་སྐོར་སྐད་ཆ་ཤོད་རོགས་ཞེས་ཁ་པར་བཏང་། ཅུང་ཙམ་ནས་“ ཁྱེད་རང་ལ་རྐུབ་སྟེགས་དེ་ག་རང་སྤྲོད་ཀྱི་རེད། ངས་ཁ་ལོ་པར་འབྲེལ་བ་བྱས་པ་ཡིན་”ཞེས་འགྲིམ་འགྲུལ་ཁང་ནས་ཁ་པར་འབྱོར། འོན་ཀྱང་ཁ་ལོ་པས་ངའི་རྐུབ་སྟེགས་ཨང་གྲངས་ཉི་ཤུ་དེ་འགྲུལ་རོགས་གཞན་དེར་སྤྲད། དེའི་དོན་ནི་གཞན་དེར་རོགས་པ་ཡོད་པ་དང་ང་གཅིག་པུ་ཡིན་པས་རེད། ངས་ཀྱང་དེར་ཁས་ལེན་བྱས་ཏེ་ཁ་ལོ་པས་སྤྲད་པའི་སྡོད་གནས་གཞན་དེར་སྤོས།
འགྲུལ་པ་རྣམས་སོ་སོའི་རྐུབ་སྟེགས་གཏན་འཁེལ་ནས་ལྷོད་ལ་བབ་མཚམས་རྐུབ་སྟེགས་ཨང་གྲངས་དང་པོར་ཡོད་པའི་བལ་པོའི་བུད་མེད་ཅིག་ནས་ཁོ་མོར་རོགས་པ་བུ་ཞིག་འཁེལ་བས་རོགས་པ་བུད་མེད་ཡོད་ས་ཞིག་ལ་སྤོ་རོགས་ཞེས་ཁ་ལོ་པར་བརྗོད་པ་འདྲ་བས། ཁ་ལོ་པ་ངའི་རྩར་ཡོང་ནས་རྒྱུ་མཚན་དེ་ལྟར་བརྗོད་ཅིང་། གལ་ཏེ་འདོད་པ་མེད་ན་རང་འཇགས་བསྡད་ནའང་འགྲིག་ཅེས་བཤད། ངས་ཀྱང་ཆོས་ཕྱོགས་ཐོག་ནས་བསམ་བློ་བཏང་སྟེ་སྡོད་ས་བརྗེ་སྒྱུར་ཁས་ལེན་གྱིས་རྐུབ་སྟེགས་དང་པོར་ཡང་བསྐྱར་སྤོས། རྐུབ་སྟེགས་གཏན་འཁེལ་མེད་པའི་གནས་སྟངས་ཟང་ཟིང་འདིས་ལོ་ངོ་བཅོ་ལྔ་གོང་གི་བལ་ཡུལ་གྱི་འགྲུལ་བཞུད་དེ་སླར་ཡང་དྲན་གསོ་ཐེབས། མདུན་གྱི་རྐུབ་སྟེགས་འདིར་རྐང་པ་སྐྱོང་ས་ལྡང་ངེས་མེད་པ་དང་། རྒྱབ་དེར་ཕྲུ་གུ་དམར་འབྱར་ཡོད་པའི་ཨ་མ་ཞིག་ཡོད་སྟབས་རྐུབ་སྟེགས་རྒྱབ་ལ་བསྙལ་ས་མེད་པའི་དཀའ་ངལ་མཆིས་མོད། རང་འདོད་གཙོ་བོ་མ་བྱས་པའི་སོ་སོའི་ཐག་གཅོད་དེ་ནོར་མེད་པར་ཡིད་ཆེས་བྱས།
ཉིན་གུང་ཆུ་ཚོད་ ༡༢ དང་སྐར་མ་ ༡༧ ཐོག་མ་ཐུ་ར་ Mathura ཞེས་འབོད་པའི་ས་གནས་ཟ་ཁང་ཞིག་ཏུ་རླངས་འཁོར་བཀག་ཅིང་དེར་ཁ་ལག་བཟས། ས་གནས་དེ་ནི་ཨུ་དྷར་པར་དེ་ཤེ་མངའ་སྡེའི་མ་ཐུ་ར་ཞེས་པའི་རྫོང་ནང་ཡིན་ཅིང་། ལྡི་ལི་ནས་ལེ་དབར་བརྒྱ་དང་དྲུག་ཅུ་རེ་དྲུག་ཙམ་གྱི་སར་ཆགས།[3] ཧིན་དྷུའི་ཆོས་ལུགས་ལྟར་ན་ས་གནས་འདི་ལྷ་ཀིར་ཤི་ནའི་[4]འཁྲུངས་ཡུལ་དུ་འདོད་ཅིང་།[5] ལོ་ལྟར་ཧིན་དྷུའི་རྗེས་འབྲངས་པ་ཚོས་ལྷ་འདིའི་འཁྲུངས་སྐར་གྱི་སྲུང་བརྩིའང་གཟབ་རྒྱས་ཞུ་བཞིན་འདུག[6] ཁ་ལག་གྲུབ་རྗེས་རླངས་འཁོར་མུ་མཐུད་བསྐྱོད། གཞུང་ལམ་རྒྱ་ཆེ་ཞིང་འཁོད་སྙོམ་ལ་གཡས་གཡོན་མུ་མཐའ་བྲལ་བའི་ཞིང་ཐང་འབའ་ཞིག་གིས་ཁེངས་པའི་རྒྱ་གར་གྱི་དཔལ་ཡོན་འདིར་ངོ་མཚར་སྐྱེས་ཤིང་། འདི་ལྟ་བུའི་ས་རྒྱ་བལ་ཡུལ་ལྟ་ཅི་རྒྱལ་ཁབ་གཞན་ལ་ཡང་ཧ་ཅང་མཐོང་དཀོན་སྙམ། དགོང་མོའི་ཆུ་ཚོད་ ༨ དང་སྐར་མ་ ༣༠ ཐོག་བྷ་ག་པུར་ Burgapur ཞེས་པའི་ས་གནས་ཟ་ཁང་ཞིག་ཏུ་ཁ་ལག་བཟས། བྷ་ག་པུར་ནི་ནུབ་བྷང་གྷལ་མངའ་སྡེའི་ཕ་ས་ཆེམ་ བྷར་ཏ་མན་ Paschim Bardhaman ཞེས་པའི་རྫོང་ནང་ཡོད་ཅིང་། ས་གནས་འདི་མངའ་སྡེ་དེའི་བཟོ་ལས་ཐོན་སྐྱེད་ཆེ་ཤོས་སུ་ངོས་འཛིན་བྱེད། ང་ཚོ་ས་གནས་འདིར་འབྱོར་ནས་ཏོག་ཙམ་རིང་ཆར་ཤུགས་ཆེན་པོ་བབ་པ་དང་། གློག་ཀྱང་ཆད་པས་ནག་ཁུང་ནང་ཁ་ལག་བཟའ་དགོས་པ་ཆགས།
དེ་ནས་མུ་མཐུད་ཐོན་རྗེས་ས་མཚམས་སུ་མཚན་གྱི་ཆུ་ཚོད་ ༢ དང་སྐར་མ་ ༥ ལ་སླེབས། ནམ་མཁའ་ན་འབྲུག་སྒྲ་ལྡིར་ཞིང་ཆར་པ་སིམ་སིམ་ཞིག་གིས་ང་ཚོར་བསུ་མ་བྱེད་པ་དང་གཉིས་སུ་མ་མཆིས། ཕྱི་རོལ་ན་གློག་འོད་མ་མཆིས་པས་འགྲུལ་པ་རྣམས་སོ་སོའི་ཁ་པར་གྱི་གློག་འོད་སྤར་ཏེ་རླངས་འཁོར་ལས་ཅ་ལག་འབེབ་བཞིན་རྒྱ་གར་ཅ་ལག་དབོར་མཁན་ཚོ་དང་གོང་ཚད་སྒྲིག་བཞིན་འདུག རྒྱ་གར་པ་དེ་ཚོས་སྒོར་སུམ་བརྒྱ་ཟེར་བཞིན་འདུག་པས་གོང་ཚད་མཐོ་བོ་དེར་ང་རང་ཡང་ཅུང་ཟད་ཧ་ལས། ཅ་ལག་དེ་ཙམ་མེད་མཁན་རྣམས་ཁུ་སིམ་མེར་དགག་སྒོའི་ཕྱོགས་སུ་སྐྱོད་བཞིན་འདུག་ལ། ཅ་ལག་ཡོད་མཁན་ཚོ་ད་དུང་གོང་ཚད་མ་སྒྲིག་པར་བསྡད་འདུག ང་དང་ཀིརྟིའི་གྲྭ་ཚེ་ཆུང་གཉིས་ལ་ཡང་ཅ་ལག་ཆེན་པོ་གང་ཡང་མེད་པས་དགག་སྒོའི་ཕྱོགས་སུ་བསྐྱོད། རྒྱ་གར་ས་མཚམས་དགག་སྒོར་ཅ་ལག་ཡོད་མཁན་རྣམས་ལ་ཐོ་དགོད་བྱེད་ཀྱི་འདུག་ཀྱང་དམ་པོ་དེ་ཙམ་མི་བྱེད་པས་ང་གཉིས་ཀྱང་དགག་སྒོ་དེ་ནས་གཞན་དང་འདྲ་བར་དཀའ་ངལ་གང་ཡང་མེད་པར་ཐར།
དགག་སྒོ་དེ་ལས་གྲོལ་རྗེས་སྐར་མ་གཉིས་གསུམ་གྱི་མཚམས་ན་བལ་ཡུལ་དགག་སྒོ་འདུག་པས་དེར་བལ་ཡུལ་ཉེན་རྟོག་པས་རེ་རེ་བཞིན་ཐོ་དགོད་བྱེད་པར་སྐད་གཏོང་གི་འདུག་ཀྱང་སྔར་བཞིན་དེ་ཙམ་དམ་པོ་མི་སྣང་། དེ་ནི་གཅིག་བྱས་ན་སྐབས་དེར་མཚན་གྱི་ཆུ་ཚོད་ ༢ པ་ཡིན་པ་དང་། ཆར་པ་ཡང་སིམ་སིམ་བབ་བཞིན་པས་ཡིན་ཡང་སྲིད། གང་ལྟར་ཡང་གྲྭ་པར་དོ་སྣང་དང་དམ་བསྒྲགས་འཕར་མ་བྱེད་ཀྱི་ཡོད་པའི་རྣམ་པ་ཧ་ཅང་མངོན་གསལ་དོད་པོ་འདུག གང་ཡིན་ཟེར་ན། དགག་སྒོ་སྲུང་མཁན་ཉེན་རྟོག་པས་ང་ཚོ་རེ་རེ་བཞིན་སྐད་གཏོང་དུས་ངའི་མདུན་དེར་བོད་པ་ཕོ་གསར་རྒྱབ་ལ་དོ་པོ་ཆེན་པོ་འཁུར་བ་ཞིག་འདུག་ཅིང་། ཁོང་ལ་ཉེན་རྟོག་པས། “ཁྱེད་རང་གི་མིང་ལ་གང་ཟེར། དོ་པོའི་ནང་ག་རེ་ཡོད་”ཅེས་དྲིས་པ་ཙམ་ལས། བསྔོག་བཤེར་དང་སྐད་ཆ་གཞན་གང་ཡང་བརྗོད་མ་སོང་། དེ་རྗེས་ངའི་བང་རིམ་སླེབས་དུས་ཉེན་རྟོག་པས་ “མིང་ལ་གང་ཟེར་”ཞེས་དྲིས་བྱུང་བས། “ཚེ་བརྟན་ཟེར་”ཞེས་ལན་བརྒྱབ། མིང་ཐོ་བཀོད་ཚར་རྗེས་བལ་སྐད་ཐོག་ནས་གཅིག་བརྗོད་སོང་ཡང་། ངས་གོ་བརྡ་མ་འཕྲོད་པར་སྡོད་སྐབས། ཁོ་པའི་ལག་པ་ཁ་ལ་རེག་ཙམ་རེག་ཙམ་བྱེད་ཀྱི་འདུག་པས། སྐབས་དེར་རྒྱབ་ནས་བོད་པ་ཞིག་གིས་”ཇ་རིན་ཞིག་སྤྲོད་ལབ་ཀྱི་འདུག་”ཅེས་སྐད་སྒྱུར་བྱས། སེམས་ལ་ཞེད་སྣང་དང་དངངས་སྐྲག་ལྟ་ཅི། བལྟས་ངན་འདིའི་སྐྱོ་མདོག་ལ་ཨང་བསམ་བཞིན་ངས་དངུལ་སྤྲད་ན་གཞན་ཚོར་ཡང་གཅིག་མཚུངས་སློང་གི་རེད་བསམས་ཏེ་དངུལ་སིལ་མ་མེད་ཚུལ་བརྗོད། དངོས་ཡོད་ཆ་ནས་ཀྱང་སྦ་ཁུག་ནང་བལ་སྒོར་ཆིག་སྟོང་ལྔ་བརྒྱ་ཡོད་ཅིང་། དེ་དག་ལྔ་བརྒྱ་ལོར་དང་བརྒྱ་ལོར་ཡིན།
གལ་ཏེ་སྐབས་དེར་ངས་དངུལ་སྤྲད་ཡོད་ན་སྐྱ་བོ་རྣམས་ལ་དངུལ་སློང་མིན་ཇི་ལྟར་ཡང་ངའི་གཞུག་དེར་ཀིརྟིའི་གྲྭ་ཚེ་ཆུང་ཡོད་པས་ཁོང་གིས་ཀྱང་དངུལ་སྤྲོད་དགོས་པ་གཏན་འཁེལ་ཡིན། ངས་ད་དུང་དེར་ལངས་ནས་བསྡད། ཉེན་རྟོག་པས་ཀྱང་ཨུ་ཚུགས་དེ་ཙམ་མི་བྱེད་པས་ངས་ག་ལེར་རྒྱབ་བཤིག་བརྒྱབ་སྟེ་ཚེ་ཆུང་ལ་ཡོང་དགོས་པའི་བརྡ་བཏང་ནས་ང་གཉིས་ག་ལེར་གཞན་རྣམས་ལངས་བསྡད་པའི་རྒྱབ་ནས་ཕྱིན། ཉེན་རྟོག་པའི་མིག་ཟུང་ནས་ང་གཉིས་ད་དུང་གློད་མི་འདུག་པས་རྒྱང་ནས་ཁོ་པའི་སར་ཡོང་དགོས་པའི་བརྡ་གཏོང་གིན་འདུག་ཀྱང་། མ་གོ་བའི་ཚུལ་གྱིས་གོམ་པ་ཅུང་ཇེ་མགྱོགས་སུ་བཏང་། སྐར་མ་ཁ་ཤས་གོམ་པ་བརྒྱབ་རྗེས་ང་ཚོ་འགྲོ་སའི་བལ་ཡུལ་རླངས་འཁོར་དེར་སྒུག་བསྡད་པ་མཐོང་བས་ལྷོད་ལ་བབ།
འགྲུལ་པ་མང་ཆེ་བ་རླངས་འཁོར་ནང་འཛུལ་ཚར་ཡང་འགའ་ཞིག་ད་དུང་མ་འབྱོར་བར་སྒུག་བསྡད། ཅུང་ཙམ་རྗེས་ལྷོ་ཕྱོགས་གྲྭ་པ་ཞིག་ཡོད་པ་ཁོང་གིས་ཤོག་སྒམ་གཅིག་འཁྱེར་ཡོད་པ་དང་། དེའི་ནང་ག་རེ་ཡོད་མེད་བསྔོག་བཤེར་དགོས་ཚུལ་ནན་བརྗོད་བྱས་མཐར། དེའི་ནང་ནས་མཆོད་ཀོང་རེ་ཟུང་ཐོན་པས། དེ་དག་གི་བྱུང་འཛིན་མེད་པར་བལ་ཡུལ་དུ་འགྲོ་སྐྱོད་མི་ཆོག་པར་བཤད་དེ་བཀག་འགོག་བྱས་ཚུལ་འགྲུལ་པ་རེ་ཟུང་ནས་རླངས་འཁོར་ནང་གླེང་སློང་བྱེད་བཞིན་འདུག་པས། དེ་ནི་དོན་དུ་དངུལ་ཟ་ཉེ་བྱས་པ་ཞིག་རང་རེད་སྙམ། གང་ཡིན་ཟེར་ན་ང་ཚོ་གསུམ་མ་གཏོགས་འགྲུལ་རོགས་གཞན་ཚང་མ་སྐྱ་བོ་ཡིན་ཅིང་། ཁོ་ཚོ་མང་ཆེ་བར་ཅ་ལག་དོ་པོ་ཁ་ཤས་འཁུར་རྒྱུ་ཡོད་ཀྱང་དེ་ལྟ་བུའི་བསྔོག་བཤེར་གང་ཡང་བྱས་མེད། འོན་ཀྱང་སྐུ་ཞབས་ཁོང་ལ་དེ་ལྟ་བུའི་སྡང་དོན་ནི་དོན་དུ་དངུལ་ཅུང་ཟད་ཁ་བསླུ་བྱེད་དགོས་བསམ་པ་དེ་རེད། དོན་རྐྱེན་འདིས་ས་མཚམས་ལ་གྲྭ་ཆས་གྱོན་ན་དཀའ་ངལ་ཡོད་ཚུལ་གོ་བ་དངོས་བདེན་ཡིན་པའི་བདེན་དཔང་བྱས།
ཕྱི་རོལ་ན་ཆར་པ་སིམ་སིམ་ད་དུང་མཚམས་མ་ཆད་པར་བབ་བཞིན་འདུག ཅུང་ཙམ་ནས་ལྷོ་ཕྱོགས་སྐུ་ཞབས་ཁོང་ཤོག་སྒམ་འཁྱེར་ནས་རླངས་འཁོར་ནང་སླེབས། སྒོར་མོ་ཁ་ཤས་ཤོར་ཡོད་པ་གཏན་འཁེལ་སྙམ་ཡང་ཁ་ཐུག་དྲི་མ་ཕོད། རླངས་འཁོར་ཐོན་འགོ་ཚུགས། སྐབས་དེ་དུས་མཚན་གྱི་ཆུ་ཚོད་ ༣ དང་སྐར་མ་ ༥ ཟིན་འདུག་པས་ས་མཚམས་ལ་ཆུ་ཚོད་གཅིག་དང་སྐར་མ་ལྔ་ཏག་ཏག་འགོར་བ་ཤེས། རླངས་འཁོར་ནི་རྒྱ་གར་ནས་ཡོང་བའི་རླངས་འཁོར་ལས་ཆེ་བ་དང་རྐུབ་སྟེགས་སོགས་ཆ་རྐྱེན་བཟང་ལ། མདུན་གྱི་རྐུབ་སྟེགས་དང་པོ་དེར་རྐྱང་བ་སྐྱོང་ས་ཆེ་བས་ཉིན་གང་འགྲུལ་བཞུད་དགོས་ཀྱང་སྐྱོན་མེད་སྙམ། རླངས་འཁོར་ཐོན་མ་ཐག་ཁ་ལོ་པའི་རོགས་པས་རྐུབ་སྟེགས་གཞུག་ནས་བང་རིམ་བཞིན་དངུལ་བསྡུ་བཞིན་འདུག་པས། ངའི་སྡོད་རོགས་བལ་པོ་དེར་ག་རེ་ཡིན་མིན་སྐད་ཆ་དྲིས་པར། ཁོ་པས་ “ཅ་ལག་ཡོད་མཁན་ཚོ་ལས་ང་ཚོ་སྤྲོད་དགོས་མ་རེད་”ཟེར། ངའི་འགྲམ་དེར་སླེབས་དུས་རོགས་པས་ཅ་ལག་འདི་ལས་མེད་ཅེས་ཁོ་པའི་ཅ་ལག་ཧྲུག་ཧྲུག་ཁ་ཤས་ཡོད་པ་དེར་མཛུབ་མོ་བཙུགས་སོང་བས་དེ་རྗེས་ང་ལ་སྐད་ཆ་ཡང་མ་དྲིས་པར་ཕྱིན་སོང་། དེ་ནི་རྒྱུས་ཡོད་བལ་པོ་ཁོང་ང་དང་མཉམ་དུ་ཡོད་པས་ཡིན་སྲིད། དེ་མིན་བོད་པ་ཞིག་ཡིན་ཚེ་ལེན་མཁན་གྱི་ལེན་རྐྱང་དང་སྤྲོད་མཁན་གྱི་སྤྲོད་རྐྱང་རེད་སྙམ། རྒྱ་གར་ནས་བལ་ཡུལ་དུ་མ་ཐོན་གོང་སྤྱི་སྤྱོད་རླངས་འཁོར་གཉིས་པོ་གང་དུ་སོང་ཡང་བལ་སྒོར་ཉིས་བརྒྱ་རེ་སྤྲོད་དགོས་པ་གཅིག་མཚུངས་ཡིན་ཚུལ་འགྲུལ་རོགས་འགས་བཤད་ཀྱང་། སྐད་ཆ་དེར་བདེན་དཔང་མ་རྙེད། ཡང་སྙིང་ས་མཚམས་ལ་སོ་སོ་རང་ཉིད་ལ་དངུལ་སྤྲོད་དགོས་མ་བྱུང་ཡང་། སྐུ་ཞབས་ཁོང་ལ་དཀའ་ངལ་ཅུང་ཟད་འཕྲད་པར་གདུང་སེམས་ཡོད།
བལ་ཡུལ་ས་མཚམས་ནས་ཡོང་དུས་རླངས་འཁོར་བཟང་ཡང་འགྲོ་ལམ་མི་བདེ་ཁར་དམིགས་བསལ་ས་མཚམས་ནས་གཞུང་ལམ་མ་སླེབས་བར་གྱི་དུས་ཡུན་ཆུ་ཚོད་ཕྱེད་རིང་ལམ་ཧ་ཅང་ཞན། ལམ་རྣམས་ལ་ཆུ་ཀོང་འཁྱིལ་བ་ཧ་ཅང་མང་བས་དེར་གཞིགས་ན་ཆར་བ་ཡུན་རིང་བབ་པ་ཤེས་ཐུབ། ས་མཚམས་ནས་ཆུ་ཚོད་ལྔ་ཕྱིན་རྗེས་ཞོགས་པའི་ཆུ་ཚོད་ ༧ པར་འབུམ་མེ་ཞེས་འབོད་པའི་ས་ཆར་དུས་ཡུན་ཆུ་ཚོད་ཕྱེད་རིང་རླངས་འཁོར་བཀག སྐབས་དེར་ནམ་མཁར་སྤྲིན་པ་འཁྲིགས་ཤིང་གནམ་གཤིས་ཅུང་གྲང་། གསང་སྤྱོད་ཁ་ཤས་ཡོད་པ་དེར་འགྲུལ་པ་རྣམས་འཚང་ཁ་རྒྱག་བཞིན་པ་མཐོང་བས། ས་མཚམས་སུ་འཇིགས་སྐྲག་གིས་ཆབ་གསང་གཏོང་རྒྱུའང་གཏིང་བརྗེད་དུ་གྱུར་པ་མིན་ནམ་སྙམ། སྐབས་དེར་ངས་ལྷོ་ཕྱོགས་གྲྭ་པ་དེར་ས་མཚམས་སུ་འཕྲད་པའི་དཀའ་ངལ་སྐོར་ལ་སྐད་ཆ་དྲིས། ཁོང་གིས་བརྗོད་དོན། ཤོག་སྒམ་དེ་ངོ་ཤེས་ཤིག་གིས་ཁོང་ལ་བསྐུར་བ་ཞིག་ཡིན་པ་དང་། དེའི་བྱུང་འཛིན་མཉམ་དུ་སྟོན་རྒྱུ་མེད་སྟབས་དེར་བསྙད་བཏགས་ནས་ཉེན་རྟོག་པས་བཀག་པ་ཞིག་ཡིན་འདུག ཁོང་གིས་བློ་ཐག་ཆོད་པོས། “གལ་ཏེ་རྦད་དེ་མ་བཏང་ན་ཅ་ལག་གཡུགས་ནས་ཡོང་དགོས་བསམ་བྱུང་”ཟེར། ཅ་དངོས་ལ་རིན་ཐང་དེ་ཙམ་མེད་ན་ཐབས་ལམ་དེ་ནི་མ་གདམ་ཀ་མེད་རེད་སྙམ། མཐར་ཡར་བཤད་མར་བཤད་བྱས་རྗེས་སྒོར་སུམ་སྟོང་སྤྲད་དེ་ཅ་ལག་ཚུར་སྤྲད་ཙམ་བྱུང་འདུག སྐབས་དེར་སོ་སོའི་སེམས་ལ་ས་མཚམས་ལ་གྲྭ་ཆས་གྱོན་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་བོད་པའི་སྤྱི་ཚོགས་ནང་རྒྱུན་ཤེས་ལྟ་བུ་ཆགས་ཀྱང་ཅ་ལག་བསྐུར་མཁན་དེས་དོན་དེར་སྣང་ཆུང་བྱས་པར་བློ་ཕམ་སྐྱེ་ཞོར་རླངས་འཁོར་ནང་འཛུལ།
ས་གནས་དེ་ནས་ཐོན་རྗེས་གཞུང་ལམ་རི་མཚམས་སུ་འཁེལ་བས་རི་བོའི་ཕྲེང་ཚོགས་ཀྱི་མཛེས་སྡུག་དང་ལམ་ཟུར་གཡས་གཡོན་གྱི་ཁང་ཁྱིམ་བཟོ་བཀོད་སྣ་ཚོགས་པ། སྔོ་ལྗང་གི་ཞིང་ཁ་སོགས་རྣམ་པ་ཅི་རིགས་འདྲེན་བྱེད་ཡུལ་དུ་གྱུར་པས་ཟླ་ཟེར་ཕོག་པའི་ཆུ་སྐྱེས་གཞོན་ནུ་བཞིན་དགའ་བ་ལྷག་ཏུ་འཕེལ། དེ་ནི་རྒྱ་གར་ནས་ཡོང་དུས་གཡས་གཡོན་ཀུན་ཡངས་ཤིང་རྒྱ་ཆེ་བའི་ཐང་མ་གཏོགས་རི་བོའི་ཚོགས་ནི་ནམ་མཁའི་མེ་ཏོག་གི་དཔེ་ཟླར་མཚུངས་པས་ཀྱང་ཡིན་སྲིད། ཞོགས་ཇ་ད་དུང་བཟས་མེད་པས་གྲོད་ཁོག་ཅུང་ཟད་ལྟོགས་པའི་ཚོར་བ་སླེབས། དེ་ལྟར་རི་བོའི་མཚམས་དང་འདབས་ཅི་རིགས་བརྒྱུད་དེ་ཡོང་བས་ཉིན་གུང་ཆུ་ཚོད་ ༡༢ ཐོག་མ་ན་ཀ་མ་ན་ཞེས་འབོད་པའི་ས་ཆར་རླངས་འཁོར་བཀག་སོང་བས་དེར་ཞོགས་ཇ་དང་ཉིན་གུང་ཁ་ལག་མཉམ་དུ་བཟས། ཟ་ཁང་འདིར་ལྡི་ལི་ནས་མཉམ་དུ་ཐོན་འོང་བའི་རླངས་འཁོར་གཞན་དེའི་འགྲུལ་པ་རྣམས་ཀྱང་ཁ་ལག་བཟའ་བཞིན་འདུག་པས། རླངས་འཁོར་གཉིས་པོ་གང་དུ་ཕྱིན་ཡང་མགྱོགས་ལོད་ལ་ཁྱད་པར་དེ་ཙམ་མེད་པ་ཤེས།
ས་ཆ་འདི་ནི་གཡས་གཡོན་རི་གཟར་གནམ་ལ་ཟུག་པ་ལྟ་བུ་གཉིས་ཀྱི་མཚམས་ན་ཆགས་ཤིང་། འདིའི་མིང་ཡང་རི་འདབས་ན་ལྷ་ཁང་ཞིག་འདུག་པ་དེའི་མིང་ས་ཆར་ཐོགས་པ་ཞིག་ཡིན་པ་ཟ་ཁང་བདག་པོས་བརྗོད། འདིར་ཟ་ཁང་གཅིག་ལས་མེད་པས་འགྲུལ་པ་རྣམས་འཚང་ཁའི་ཁྲོད་ཁ་ལག་མངགས་ལེན་ལ་ཧ་ཅང་བྲེལ། ཁ་ལག་ཤ་ཡོད་དང་ཤ་མེད་གཉིས་ཀ་འདུག་ཅིང་། བྱ་ཤ་ཡོད་པར་བལ་སྒོར་སུམ་བརྒྱ་ལྔ་བཅུ་ཡིན་པས་ང་དང་ཚེ་ཆུང་གིས་བྱ་ཤ་ཡོད་པའི་ཁ་ལག་མངགས། ཁ་ལག་འདིར་འབྲས་དང་པད་ཚལ། བྱ་ཤ། ཞོག་ཁོག་དང་སྔོ་ཚལ་འདྲེས་མ། ཞོག་ཁོག་སྲེག་མ་བཅས་འདུག དེའི་ཐོག་ཁ་སྣོན་ག་ཚོད་དགོས་དགོས་སྤྲོད་ཀྱི་འདུག་པས་བྲོ་བ་ཡང་ཆེ། དེ་ནི་ཞོགས་ཇ་དང་ཉིན་གུང་ཁ་ལག་གཅིག་ལྕོགས་ཡིན་པས་ཀྱང་ཡིན་སྲིད།
སྐབས་དེར་ངས་འགྲུལ་རོགས་བོད་པ་ཞིག་ལ་ས་མཚམས་ནས་བལ་ཡུལ་རླངས་འཁོར་ནང་འཛུལ་མཚམས་དངུལ་ག་ཚོད་བསྡུས་མིན་དྲིས་པར། ཁོང་གིས་ “ཅ་ལག་ཡོད་མཁན་ཚོར་བལ་སྒོར་བརྒྱ་དང་མེད་མཁན་ཚོར་ལྔ་བཅུ་ལེན་གྱི་འདུག་”ཅེས་བརྗོད་བྱུང་། ངའི་བསམ་པར་དངུལ་འདི་ཡང་བལ་སྐད་ཤེས་མ་ཤེས་དང་རྒྱུས་ཡོད་མེད་དང་འབྲེལ་བ་ཤུགས་ཆེ་འདུག་སྙམ། དངོས་གནས་བྱས་ན་གོང་དུ་ངའི་སྡོད་རོགས་བལ་པོས་བཤད་པ་བཞིན་ཅ་ལག་མེད་མཁན་ཚོས་སྤྲོད་མི་དགོས་ཀྱང་། བལ་སྐད་མི་ཤེས་པ་དང་འགྲོ་སྟངས་མི་ཤེས་ན་སྤྲོད་ལེན་པ་གཉིས་ཀས་ཡིན་ཤག་བྱེད་ངེས་པས་དེ་ནི་དོན་དུ་ཆུ་ངན་ལམ་ཤོར་རང་རེད། འོན་ཀྱང་ངའི་སྡོད་རོགས་བལ་པོས་ཅ་ལག་མེད་ཚུལ་བརྗོད་པ་དེས་ང་ཡང་མཉམ་དུ་དོན་མེད་དགོས་མེད་ལ་དངུལ་སྤྲོད་དགོས་མ་བྱུང་བ་ནི་བཟང་པོའི་ཞོར་ལ་ཇ་ཆང་ཞེས་པའི་དཔེ་ལས་མ་འདས།
དེ་ནས་མུ་མཐུད་རླངས་འཁོར་ཐོན། གཞུང་ལམ་དག་རི་བོའི་འདབས་སུ་ཆགས་ཤིང་། རི་བོ་རྣམས་གཡང་གཟར་ཆེ་ལ། ཞིང་ཁའི་ས་ཁྱོན་ཧ་ཅང་ཞན་པས་ལམ་ཟུར་གཡས་གཡོན་ལ་ཆགས་པའི་གྲོང་ཁྱིམ་འདི་དག་ལ་སྔོ་ཚོད་ཀྱི་ཐོན་སྐྱེད་ཅུང་ཡོད་ན་ལས། དེ་མིན་ཐོན་ཁུངས་གཞན་མི་འདུག་སྙམ་པ་ཡང་ཡང་བྱུང་། རླངས་འཁོར་རི་བོའི་འདབས་ནས་རིམ་གྱིས་རྩེ་ལ་འཛེགས་བཞིན་འདུག་པས་བལ་ཡུལ་འདི་རྒྱ་གར་ལས་ས་ཁམས་མཐོ་བ་ཡོད་པ་ཤེས། དེ་ལྟར་ཆུ་ཚོད་ཁ་ཤས་རིང་རི་བོ་དེ་དག་བརྒལ་ནས་ཕྱིན་རྗེས་རླངས་འཁོར་བལ་ཡུལ་གྱི་རྒྱལ་སར་འཛུལ། རྒྱལ་ས་འདི་རི་བོའི་ཚོགས་ཀྱི་སྐོར་བའི་དབུས་སུ་ཆགས་པས། དཔལ་དུས་ཀྱི་འཁོར་ལོའི་གཞུང་ཡིག་ཁག་ཏུ་བྱང་ཤམྦྷ་ལའི་ཞིང་ཁམས་དེ་ས་པདྨ་འདབ་བརྒྱད་ལྟར་དུ་ཆགས་ཚུལ་གསུངས་པ་དེ་དག་དྲན་རྐྱེན་བྱས་ཤིང་། མ་འོངས་ཀླ་ཀློའི་ཚོགས་ཀྱིས་ས་སྟེང་འདི་ཁྱབ་དུས་དེ་དག་རིགས་ལྡན་དྲག་པོས་ཐབས་ཀྱིས་འཇོམས་ཚུལ་གསུངས་པ་དེ་དག་ཀྱང་གཅིག་འཕྲོ་གཅིག་མཐུད་དུ་དྲན་བཞིན་པའི་མྱུར། “སླེབས་སོང་།” “སླེབས་སོང་།” ཞེས་རླངས་འཁོར་ཁ་ལོ་པའི་རོགས་པས་སྐད་རྒྱག་བཞིན་འདུག་པས། ལམ་ཐག་རིང་བའི་འགྲུལ་བཞུད་འདི་རེ་ཞིག་མཇུག་བསྒྲིལ་སོང་སྙམ་སྟེ་དགའ་ཚོར་སྐྱེས་ཀྱང་། མདུན་ན་ད་དུང་དྲི་བ་ཞིག་ཡོད་པ་ནི་བལ་ཡུལ་ནས་ཕྱིར་རྒྱ་གར་དུ་ལོག་དུས་ས་མཚམས་ལ་དཀའ་ངལ་གང་ཞིག་འཕྲད་སྲིད་དམ་ཞེས་པ་དེ་རེད།
[1] ས་མཚམས་འདི་ནི་ཨུ་དར་པ་དེ་ཤེ་མངའ་སྡེའི་མཧཱ་ར་ཇི་གྷན་ཇི་ཞེས་པའི་རྫོང་གི་ས་གནས་ཤིག་ཡིན་པ་དང་། རྫོང་ནས་ཀི་ལོ་མི་ཊར་ ༧༥ མཚམས་སུ་ཆགས་ཡོད། རྒྱ་བལ་གཉིས་ཀྱི་ཅ་དངོས་དབོར་འདྲེན་ཤུགས་ཆེ་བྱེད་སའི་ས་མཚམས་གྲགས་ཆེ་བ་ཞིག་ཡིན།
[2] ས་མཚམས་འདི་ཡང་ཨུ་དར་པ་དེ་ཤེ་མངའ་སྡེའི་ཁོངས་སུ་ཡོད་ཅིང་། ཡོངས་གྲགས་སུ་སྟོན་པ་སྐུ་མྱ་ངན་ལས་འདའ་ས་ཡང་ས་གནས་འདིར་ཡོད་པས། དེའི་ཆ་ནས་རྫོང་གི་མིང་ལ་ཡང་ཀུ་ཤི་ན་གྷར་རྫོང་ཞེས་གྲགས།
[4] ཧིན་དྷུ་པ་ཚོས་ལྷ་འདི་སྙིང་རྗེ་དང་བརྩེ་བའི་བདག་ཉིད་དུ་འདོད་པ་མ་ཟད། སྲུང་མར་ཡང་འདོད།
Thank you for reading and nice comment.
དབུགས་ཐེངས་གཅིག་གིས་མཚམས་མ་བཞག་པར་བཀླགས་ཟིན། ལམ་ཡིག་འབྲི་མཁན་ཞིག་དང་འདྲ་བོ་འདུག ལྷག་པར་དུ་བོད་མི་བལ་ཡུལ་ལ་འགྲོ་མཁན་ཚོར་ཕན་ཁེ་བརྒྱ་ཆ་བརྒྱ་འདུག བྱུང་ན་ཕྱིར་ལོག་དུས་ཀྱང་འདི་ལྟར་བྲིས་ཐོ་འགོད་པར་བཀའ་དྲིན་ཆེ།
ལགས་སོ། །