ཁེ་ན་ཌ་གཞུང་གིས་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཡུལ་དེའི་དཔལ་འབྱོར་ཉམས་དམས་སུ་ཕྱིན་པ་སླར་གསོའི་ཆེད་ཕྱི་མི་ལེན་པའི་སྲིད་ཇུས་གསར་པ་ཞིག་གཏན་འབེབ་གནང་སྟེ་ཕྱི་ལོ་ ༢༠༢༢ ནས་ ༢༠༢༤ ནང་ཚུན་ཕྱི་མི་ས་ཡ་གཅིག་དང་འབུམ་གསུམ་ཙམ་ལེན་འཆར་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་ཊིར་ཌུའུ་ (Justin Trudeau) མཆོག་གིས་ཕྱི་མི་ལེན་པའི་སྲིད་ཇུས་གསར་པ་དེ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་དང་། སྲིད་ཇུས་དེའི་ནང་འདི་ལོར་ཕྱི་མི་འབུམ་ ༤(༤༣༡,༦༤༥) ལྷག་དང་། ཕྱི་ལོ་ ༢༠༢༣ ལོར་ཕྱི་མི་འབུམ་ ༤(༤༤༧,༠༥༥)། དེ་བཞིན་ཕྱི་ལོ་ ༢༠༢༤ ལོར་ཕྱི་མི་འབུམ་ ༤(༤༥༡,༠༠༠) བཅས་ལེན་འཆར་ཡོད་པ་དང་། ད་ལྟའི་ཆར་ཕྱི་མི་ས་ཡ་གཅིག་ལྷག་དེ་རྒྱལ་ཁབ་གང་དག་ནས་ལེན་འཆར་ཡོད་མེད་ཁ་གསལ་མི་འདུག་ཀྱང་། འདི་ལོར་དཔལ་འབྱོར་ཡར་རྒྱས་སླད་ཕྱི་མི་གནས་སྤོ་བ་བརྒྱ་ཆ་ ༥༦ ལེན་རྒྱུ་དང་། བརྒྱ་ཆ་ ༢༤ ཁྱིམ་མི་ཟླ་སྒྲིལ། དེ་བཞིན་བརྒྱ་ཆ་ ༢༠ ཙམ་སྐྱབས་བཅོལ་བ་དང་འགྲོ་བ་མིའི་བདེ་རྩའི་སླད་ཕྱི་མི་ལེན་འཆར་ཡོད་འདུག་ལ། རྒྱལ་ཁབ་དཔལ་འབྱོར་ཉམས་དམས་ལས་སྐྱོབ་ཆེད་ཁྱད་ནུས་ལྡན་པའི་ངལ་རྩོལ་བ་དང་ཚོང་པ་སོགས་ལ་ཆེད་དམིགས་ཀྱིས་ལས་གཞི་དེ་སྤེལ་གྱི་ཡོད་འདུག
ཁེ་ན་ཌར་ཕྱི་མི་གནས་སྤོ་བ་མང་པོ་ལེན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་འདུག ཡུལ་དེའི་ནང་ངལ་རྩོལ་གྱི་ནུས་ཤུགས་ཞན་པའི་ལོ་ན་རྒན་གྲས་ཀྱིས་སྤྱིའི་མི་འབོར་གྱི་བརྒྱ་ཆ་ཆེན་པོ་ཟིན་ཡོད་པ་མ་ཟད། འཛམ་གླིང་ནང་མི་འབོར་སྐྱེ་འཕེལ་གྱི་གྲངས་ཚད་དམའ་ཤོས་ཆགས་ཡོད་པར་བརྟེན། དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་ཤིང་མིི་ཤུགས་ཐོན་ཁུངས་ཉམས་ཞན་དུ་གྱུར་བའི་དཀའ་ངལ་རིམ་གྱིས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པའི་ཁར། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ཐད་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པར་བརྟེན། ཕྱི་མི་བླངས་ཏེ་མི་ཤུགས་ཐོན་ཁུངས་རྒྱ་སྐྱེད་ཀྱིས་དཔལ་འབྱོར་སླར་གསོ་ཡོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་འདུག
ཁེ་ན་ཌ་གཞུང་གིས་ཕྱི་མི་ལེན་པའི་སྲིད་ཇུས་དེ་གསར་དུ་ལག་བསྟར་བྱས་པ་ཞིག་མ་རེད། དཔེར་ན་བཙན་བྱོལ་བོད་མིར་ཆ་བཞག་ན། ཕྱི་ལོ་ ༢༠༠༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཁེ་ན་ཌའི་སྲིད་བློན་ཧར་པུར་(Stephen Joseph Harper)མཆོག་རྣམ་གཉིས་མཇལ་འཕྲད་གནང་སྟེ་ཐུགས་རེ་གནང་བ་ལྟར། ཁེ་ན་ཌའི་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བཟུང་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་མེའོ་ཆོས་འཕེལ་གླིང་དང་ཏེ་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་དང་བསྟན་འཛིན་སྒང་བཅས་གཞིས་ཆགས་ཁག་ ༤ ནས་གཞིས་སྤོ་བ་བླངས་ཏེ། ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོན་ (Toronton) དང་ཝན་ཀོ་ཝར་ (Vancauver)། ཨོ་ཊ་ཝ་ (Ottawa) ལ་སོགས་པར་གཞིས་ཆགས་ཏུ་བཅུག་ཡོད་པ་རེད། སྐབས་དེའི་ལས་གཞི་ལྟར་ན་ཁྱོན་བོད་མི་ ༡༠༠༠ ལྷག་ཅིག་ལས་གཞི་དེའི་འོག་ནས་ཁེ་ན་ཌའི་ནང་གཞིས་སྤོར་བྱས་ཡོད་འདུག དེ་བཞིན་ཕྱི་ལོ་ ༡༩༧༠ དང་ ༡༩༧༡ ཙམ་ལ་སྔ་རྗེས་སུ་ཁེ་ན་ཌ་གཞུང་གིས་རྒྱ་གར་བྱང་ཕྱོགས་ནས་བོད་མི་ ༢༣༠ ཙམ་སྐྱབས་བཅོལ་དུ་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་བསྡོམས་རྩིས་ལྟར་ན། ཁེ་ན་ཌའི་ནང་དུ་བོད་མི་ ༨༠༠༠ ལྷག་གནས་སྡོད་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཁེ་ན་ཌ་གཞུང་གི་མི་འབོར་གྲངས་ཐོ་ལྟར་ན། ཁེ་ན་ཌ་རྒྱལ་ཁབ་ཀྱི་སྤྱིའི་མི་འབོར་ས་ཡ་ ༣༨(༣༨༢༧༨༩༨༦)ལྷག་དང་། ཕྱི་མི་གྲངས་འབོར་མང་ཤོས་རྒྱ་གར་བ་ས་ཡ་གཅིག་དང་འབུམ་ ༣ ཙམ་ཡུལ་དེའི་ནང་གནས་སྡོད་བྱེད་བཞིན་ཡོད་འདུག གྲངས་འབོར་དེས་ཁེ་ན་ཌའི་ཕྱི་མི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ ༦༠ ཙམ་ཟིན་གྱི་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོ་ཁོ་ནར་ཕྱི་མི་འབུམ་གཅིག་ (༡༨༤།༦༠༦) ལྷག་བླངས་ཏེ་ལོ་རྒྱུས་ཐོག་ནས་མི་གྲངས་མང་ཤོས་ཤིག་ཆགས་ཡོད་པ་མ་ཟད། རྒྱ་གར་ནས་མི་གྲངས་ ༤༢,༨༧༦ དང་། རྒྱ་ནག་ནས་ ༡༦,༥༣༥ བླངས་ཡོད་འདུག
དེང་དུས་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ཕོ་མོ་དབྱེར་མེད་ཀྱིས་ཤེས་ཡོན་སློབ་གསོ་ཐོབ་པ་དང་སྤྱི་ཚོགས་ཀྱི་ལས་སྒོ་སྣ་མང་ནང་འཁུར་མཉམ་ལེན་གྱི་ནུས་པ་འདོན་བཞིན་ཡོད་སྟབས། གཞོན་སྐྱེས་དང་ལྷག་པར་དུ་བུད་མེད་ལོ་གཞོན་མང་པོ་ཞིག་གིས་རང་ཉིད་ཀྱི་རྨི་ལམ་འཚོལ་སྙེག་བྱས་ཏེ་ཁོམ་སྐབས་ཉུང་བ་དང་། གཞོན་པའི་ལང་ཚོ་དང་བདེ་ཐང་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་གཉེན་སྒྲིག་ཕྱིར་འགྱང་བྱེད་པ་དང་། ཐ་ན་མི་ཚེ་གང་བོར་དགའ་རོགས་ཙམ་ལས་བཟའ་ཟླ་དང་བུ་ཕྲུག་དགོས་མཁོ་མེད་པའི་ཚོར་བ་དེ་རིམ་གྱིས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མི་འབོར་ཉུང་དུ་ཕྱིན་པ་དང་མི་ཤུགས་ཐོན་ཁུངས་ཇེ་ཞན་དུ་གྱུར་བའི་དཀའ་ངལ་རིམ་གྱིས་ཡོང་བཞིན་ཡོད་པ་རེད།
ད་ལྟ་མི་ཤུགས་ཐོན་ཁུངས་ཀྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་ནི་རྒྱ་ནག་ཆགས་ཡོད་པ་རེད། རྒྱ་ནག་གི་ཕྱི་ལོ་ ༢༠༢༡ ལོའི་མི་འབོར་སྙན་ཐོ་ལྟར་ན། ལོ་དེར་རྒྱ་ནག་རྒྱལ་ཡོངས་ནང་བྱིས་པ་གསར་སྐྱེས་ཁྱོན་ས་ཡ་ ༡༠ ལྷག་ལས་མེད་པ་དང་། ཕྱི་ལོ་ ༢༠༢༠ དང་བསྡུར་ན་ལོ་རེ་བཞིན་བརྒྱ་ཆ་ ༡༨ ཡས་མས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ངལ་རྩོལ་ནུས་པ་ཞན་པའི་རྒན་རྒོན་རང་ལོ་ ༦༠ བརྒལ་བས་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༡༩ ཙམ་ཟིན་གྱི་ཡོད་སྐོར་བརྗོད་འདུག མི་ཤུགས་ཐོན་ཁུངས་ཇེ་ཞན་དུ་གྱུར་བའི་དཀའ་ངལ་དེ་འདས་པའི་ལོ་ཤས་ནས་མངོན་གསལ་དོད་པོ་ཆགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ལོར་མི་ལོ་ ༣༠ ལྷག་ལ་ལག་བསྟར་བྱས་པའི་འཆར་ལྡན་བུ་སྐྱེས་སྲིད་ཇུས་ལ་འགྱུར་བ་བཏང་ཡོད་ཀྱང་ཕན་འབྲས་ཐོན་གྱི་མེད་པ་རེད།
ད་ལྟ་རྒྱ་ནག་ནང་བྱིས་པ་སྐྱེས་གྲངས་ཇེ་མང་དུ་གཏོང་བའི་ཐབས་ལམ་ལྔ་ཙམ་ལག་བསྟར་བྱེད་ཀྱི་འདུག ཐབས་ལམ་གཅིག་བྱིས་པ་སྐྱེས་གསོའི་གུང་སེང་ཁྲིམས་སྒྲིག་ནང་ཉིན་གྲངས་ ༩༨ ལས་མེད་ཀྱང་རྒྱ་ནག་གི་ཞིང་ཆེན་ ༢༠ ལྷག་གི་ནང་གུང་སེང་གི་ཉིན་གྲངས་ ༡༠༠ ནས་ ༢༠༠ མ་ཟིན་བར་ཇེ་མང་དུ་བཏང་འདུག གཉིས། བྱིས་པ་ཅན་གྱི་ཁྱིམ་ཚང་ལ་སྐྱེད་ཆུང་དངུལ་བུན་མང་དུ་གཏོང་བ་དང་། བྱིས་པ་གསུམ་ཅན་གྱི་ཁྱིམ་ཚང་ལ་སྡོད་ཁང་གི་རིན་གོང་སླ་རུ་གཏོང་བ། གསུམ། ཕོ་ཧྲེང་མོ་ཧྲེང་ཚོའི་ལས་གནས་དང་དཔལ་འབྱོར་གནས་བབ། ཁྱིམ་ཚང་གི་རྒྱབ་ལྗོངས་སོགས་སྒེར་གྱི་གནས་ཚུལ་བསྡུ་ལེན་བྱས་ཏེ། ཕོ་མོ་མཚམས་སྦྱོར་གྱི་བརྙན་འཕྲིན་ལེ་ཚན་དང་དྲ་རྒྱ་སོགས་རྒྱ་ཁྱབ་ཏུ་སྤེལ་ཏེ་བྱིས་པ་སྐྱེས་ཐབས་བྱེད་ཀྱི་འདུག བཞི། བུད་མེད་ཧྲེང་ཧྲེང་ཚོར་དམིགས་བསལ་གྱི་གནས་སྟངས་འོག་ཁུ་བ་འཇུག་གསོ་ (Freezing eggs) ཐབས་ལམ་བསྟེན་ཆོག་པ། ལྔ། སྤོ་པོ་རྨོ་མོ་ཚོར་ཚ་བོ་ཚ་མོ་གཉོར་སྐྱོང་བྱེད་ཐབས་ཀྱི་ཟབ་སྦྱོང་སྤྲད་དེ་སྐུལ་སློང་བྱེད་པ་བཅས་ཀྱི་ཐབས་ལམ་ལ་བསྟེན་ནས་བྱིས་པ་སྐྱེས་ཚད་འཕེལ་རྒྱས་སུ་གཏོང་གི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།