སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་ཐེངས་གཉིས་པའི་སྟེང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་ལྔ་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་དོན་ཚན་བདུན་ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་བཅས་བཏོན་གནང་ཡོད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་འཐུས་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༢ པ་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཐོག་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཚོགས་དུས་ཧྲིལ་པོར་དགོངས་པ་ཞུས་པ་མ་གཏོགས་སྤྱི་འཐུས་གཞན་རྣམས་ལྷན་འཛོམས་ཐོག་ནས་འབྱུང་འགྱུར་ཉིན་གྲངས་ ༥ རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་སྔོན་མའི་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་གྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་བྱ་རྒྱུ་ཡིན་འདུག
དེ་རིང་ཞོགས་པའི་ཚོགས་ཐུན་དང་པོའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་སྤེལ་དོན། ཐེངས་འདིའི་ལས་རིམ་གྱི་དུས་ཚོད་མང་བ་གཏོང་ས་དེ་ལས་བསྡོམས་ཀྱི་གྲོས་ཚོགས་ཆགས་ཡོད། རྩ་བའི་ལས་བསྡོམས་དེ་བཀའ་ཤག་གོང་མའི་ལས་བསྡོམས་ཆགས་ཡོད་ཀྱང་། བར་སྐབས་རང་རེའི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་གི་ཐོག་ནས་ད་བར་སྐྱོང་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པར་བརྟེན། གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་ཆགས་ཡོད་སྟབས། གཙང་མ་ཞིག་ཆགས་ཐུབ་ན་བསམས་ནས་དེ་རིང་གི་ལས་བསྡོམས་ཀྱི་གྲོས་ཚོགས་འདི་དུས་ཡུན་ཐུང་ཐུང་ཞིག་གི་ནང་གཙང་མ་བཟོ་ཐུབ་པའི་འབད་བརྩོན་ཞུ་དགོས་པ་ཞིག་རེད། ལས་བསྡོམས་དེ་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ ལོའི་ལས་བསྡོམས་ཆགས་ཡོད། ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་ཕེབས་ཀྱི་ཡོད་པ་དང་། གྲོས་ཚོགས་རྗེས་མ་དེ་དུས་ཡུན་མི་རིང་བ་ཞིག་ལ་སླེབ་ཡོང་གི་ཡོད་སྟབས། ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་ནས་གླེང་སློང་ཞུ་རྒྱུའི་གོ་སྐབས་ལས་ཁུངས་གོ་རིམ་བཞིན་ཡོང་གི་ཡོད་རེད། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པས་དེ་དག་མཁྱེན་པ་གནང་དགོས་རྒྱུ་གལ་ཆེ་བ་ཞིག་ཡིན། ཞེས་གསུངས་སོང་།
ཡང་ཁོང་གིས། ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུ་དུས་དྲན་གྱི་གསུང་བཤད་ཕེབས་ཙམ་རེད། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་གསུང་བཤད་ཕེབས་ཙམ་རེད། དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་རྗེས་ལ་ཡོང་གི་ཡོད་པ་རེད། ང་ཚོའི་ཆབ་སྲིད་ཀྱི་གནས་བབ་དང་འབྲེལ་བའི་ཐོག་ནས་ཆབ་སྲིད་ཀྱི་གནད་དོན་མང་དག་ཅིག་ཡོང་བཞིན་པའི་གནས་སྟངས་ཆགས་ཡོད། འོན་ཀྱང་གྲོས་ཚོགས་ནས་ལྷང་ཙམ་ཞུ་དགོས་པ་ཞིག་ལ་ཉེ་ཆར་ཁམས་བྲག་འགོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་བཞིན་འདུག རྒྱ་ནག་གཞུང་གིས་བོད་ཁམས་བྲག་འགོ་རུ་ཐུབ་དབང་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ཅན་ཞིག་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན། གུ་རུའི་སྐུ་བརྙན་གཏོར་བཤིག་བཏང་ཡོད་པ་མ་ཟད། དེ་དང་འབྲེལ་ཆགས་ཀྱི་བོད་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་སོགས་བྱས་པའི་གནས་སྟངས་ཆགས་ཡོད་པ་དང་། དེ་བཞིན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བོད་བསྟན་སྲིད་དང་འབྲེལ་བའི་ཕྱག་ལས་ཧ་ཅང་ཤུགས་ཆེན་པོ་གནང་ཡོད། གཞན་ཡང་རྩོམ་དང་གསུང་བཤད་སོགས་གནང་ནས་ང་ཚོའི་སྤྱི་ཚོགས་ནང་ནུས་པ་ཐོན་པའི་གནད་ཡོད་མི་སྣ་ཆགས་ཡོད། རྒྱ་ནག་གིས་ཁོང་ལ་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་བྱས་ཏེ་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་སྐོར་སོགས་གསུངས་སོང་།
ཞོགས་པའི་ཚོགས་ཐུན་སྟེང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རང་ལུས་མེེར་བསྲེག་གནང་སྟེ་འདས་གྲོངས་སུ་གྱུར་བའི་བོད་ཀྱི་ན་གཞོན་གཞས་པ་ཚེ་རིང་ནོར་བུ་ལགས་དང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་འདས་གྲོངས་སུ་ཕྱིན་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གྲོགས་འདྲིས་ཆེ་བའི་ཡེ་ཤུའི་ཆོས་དཔོན་ཌི་སི་མོན་ཊུ་ཊུ (Desmond Tutu) མཆོག འདས་ལོའི་ཟླ་ ༧ ཕྱི་ཚེས་ ༨ ཉིན་འདས་གྲོངས་སུ་ཕྱིན་པའི་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ཝིར་བྷ་དྲཱ་སིངྒ་ (Virbhadra Singh ) ལགས། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་འདས་གྲོངས་སུ་ཕྱིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་བ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་ལགས། གཞན་ཡང་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་འདས་གྲོངས་སུ་གྱུར་བའི་བོད་མི་མང་སྤྱི་འཐུས་ཟུར་པ་འབྲོག་སྨད་ཚེ་བརྟན་ནོར་བུ་ལགས་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་ ༥ དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་དོན་ཚན་ ༧ ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་བཅས་བཏོན་གནང་ཡོད་འདུག
བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་ཁྲོད། རྒྱ་ནག་དམར་གཞུང་གི་བཙན་འཛུལ་དྲག་གནོན་གདུག་རྩུབ་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་གངས་ཅན་ལྗོངས་སུ་སྐྱེས་ཤིང་བོད་བསྟན་སྲིད་ཆེད་རྨད་བྱུང་མཛད་རྗེས་འཇོག་གནང་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཞེས་པ་དང་། ཕྱི་ལོ་ ༢༠༢༡ ལོར་ཁམས་བྲག་མགོའི་ཕྱོགས་སུ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཐུབ་དབང་གི་སྐུ་བརྙན་མཐོ་ཚད་ཁྲུ་དགུ་བཅུ་གོ་དགུ་ཅན་ཞིག་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཁྲུ་ ༣༠ ཅན་ཞིག མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ། དགོན་པའི་སློབ་གྲྭ་བཅས་གཏོར་བཤིག་བཏང་ཡོད་པ་མ་ཟད། བྲག་མགོ་ཁུལ་གྱི་རྙིང་མ་ཆ་ནང་དགོན་དུ་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་གཏོར་བཤིག་བཏང་བ་བཅས་ནི་རྒྱ་གཞུང་གིས་སླར་ཡང་གདུག་རྩུབ་ཅན་གྱི་རིག་གནས་གསར་བརྗེའི་ལས་འགུལ་བསྐྱར་ལོག་བྱེད་བཞིན་པ་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་ནང་དྲིལ་བསྒྲགས་དང་འབྲེལ་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ཐེར་འདོན་བྱེད་དགོས། ཞེས་པ་དང་། དེ་བཞིན་༧པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཚེ་སྲོག་ལ་འགན་ཁུར་དགོས་པ་མ་ཟད། བཙོན་ནས་གློད་གྲོལ་གྱིས་ཁོང་རྣམ་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་འཇུག་དགོས་སྐོར་འཁོད་འདུག
གཞན་ཡང་བོད་དེ་ལོ་རྒྱུས་གནས་བབ་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་ནའང་ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་བཞིན་བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་རྒྱ་འབྲེལ་མོལ་གྱིས་ཞི་འགྲིག་ཡོང་ཐབས་བྱ་དགོས་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་དང་སྐད་ཡིག་ནི་བོད་མིའི་ངོ་བོ་མཚོན་ཐུབ་པའི་གཅེས་ནོར་རིན་ཐང་བྲལ་བ་དེ་དག་ལ་གུས་བརྩི་དང་རིན་ཐང་ངོས་འཛིན་གྱིས་སློབ་ཁྲིད་ལས་གཞི་རྒྱ་བསྐྱེད་དང༌། ནང་ཆོས་ཀྱི་ལམ་སྲོལ་རྣམས་ལ་ཆབ་སྲིད་ཀྱི་བསྲེ་ལྷད་མེད་པ་གནས་ཐབས་བྱ་དགོས། གལ་སྲིད་རྒྱ་གཞུང་ནས་མུ་མཐུད་དེ་དག་ལ་རྩིས་མེད་རྡོག་རོལ་བཏང་ཚེ་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ངོ་མ་ནི་རྒྱ་གཞུང་རང་ཉིད་ཀྱི་དབང་འཛིན་པ་རྣམས་ཀྱིས་སྤེལ་བར་ངོས་འཛིན་བྱ་རྒྱུ་ཡིན་སྐོར་དང་། དོན་ཚན་ ༦ པར་བོད་རང་བཙན་ཤོར་བ་ནས་བཟུང་རྒྱ་ནག་གཞུང་གི་བཙན་གནོན་འོག་གཞིས་བཞུགས་བོད་མི་རྣམས་ནི་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཁྲོད་གནས་བཞིན་ཡོད་ནའང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་། ཆོད་སེམས། ལ་རྒྱ་སོགས་ལ་འགྱུར་བ་མེད་པའི་རང་བཞིན་ལ་བཙན་བྱོལ་བོད་མི་རྣམས་ཀྱིས་མིག་དཔེ་བླངས་ཏེ། བོད་དོན་བདེན་མཐའ་གསལ་ཐབས་དང་། གཞིས་བྱེས་མཉམ་འཛོམས་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་སྐོར། དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་སྐྱོང་བར་ཐུགས་རྗེ་ཆེ་ཞུ་དང་། རྒྱལ་སྤྱིའི་ནང་གཞུང་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་སྒེར་བཅས་དང་། ལྷག་པར་དུ་ཨ་རིའི་གཞུང་དང་གྲོས་ཚོགས་གཙོས་རྒྱལ་ཁབ་མང་པོས་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་དང་། གྲོས་ཆོད་རིམ་པ་གཏན་འབེབས་ཀྱིས་བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག
གསར་འགོད་པ། དཔལ་ལྡན། པ་སངས་ཚེ་རིང་།