ཕྱི་ལོ་ ༢༠༡༣ ལོ་ནས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྩིས་ལེན་དབུ་འཛུགས་གནང་ཡོད་པ་ལྟར། ད་ལྟ་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་གནང་མ་ཐུབ་པའི་སློབ་གྲྭ་མཐའ་མ་དྲུག་དེ་རྩིས་ལེན་གནང་གྲུབ་ཡོད་འདུག
དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པའི་ཚོགས་ཐུན་གསུམ་པའི་སྟེང་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་ཤེས་རིག་ལས་ཁུངས་དང་འབྲེལ་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གནས་སྟངས་དང་ཤེས་ཡོན་གྱི་གནས་སྟངས་སྐོར་ལ་དགོངས་ཚུལ་དང་དོགས་འདྲི་གནང་བར། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། ཕྱི་ལོ ༢༠༢༡ ཟླ ༡༢ ཚེས་༡༦ དང་ ༡༧ བར་བོད་པའི་སློབ་གྲྭ་དྲུག་པོ་རྩིས་བླངས་པ་རེད། ཡིག་ཐོག་ནས་བླངས་པ་དང་དངོས་གནས་དྲང་གནས་རྩིས་བླངས་པ་གཉིས་ལ་ཁྱད་པར་ཞེ་དྲགས་ཡོད་པ་རེད། སློབ་གྲྭ་དེ་དག་རྩིས་ལེན་སྐབས་དཀའ་ངལ་ཆེན་པོ་བྱུང་བ་རེད། རྩིས་སྤྲོད་ཀྱི་མིན་ལབ་ནས་ངོ་རྒོལ་བྱེད་མཁན་གྱི་ཕ་མ་ཡོད་པ་དང་། དེ་བཞིན་དེ་རིགས་ཀྱི་དཀའ་ངལ་མང་པོ་ཞིག་ཕྲད་ཡོད་ཀྱང་། ང་ཚོས་འཆར་གཞི་བཀོད་པ་གཞིར་བཟུང་སློབ་གྲྭ་དྲུག་པོ་རྩིས་བླངས་པ་རེད། ཌལ་ཧོར་གཏན་སློབ་དེ་སློབ་གྲྭའི་འཛིན་ཁང་ཡོད་པ་མ་གཏོགས་སློབ་ཕྲུག་མེད་དུས་སློབ་གྲྭའི་མིང་ཙམ་ཡིན་ཡང་། སྒྲིག་གཞི་གཞི་བཟུང་སློབ་གྲྭ་སྟོང་པ་ཞིག་རྩིས་བླངས་པ་རེད། དེ་བཞིན་མ་སུ་རི་གཏན་སློབ་དང་། ཧར་པུར་ཉིན་སློབ། སིམ་ལ་གཏན་སློབ། ཀ་སྦུག་གཏན་སློབ། རྡོར་གླིང་གཏན་སློབ་རྣམས་ཀྱང་རྩིས་བླངས་པ་རེད། དེ་བཞིན་དེ་དག་རྩིས་ལེན་བྱེད་པར་སློབ་གྲྭ་དེ་དག་གི་ས་ཆ་དེ་སུའི་མིང་ཐོག་ཏུ་ཡོད་མེད་བལྟ་དགོས་ཀྱི་འདུག ས་ཆ་དེ་དག་ལ་ Tibetan refugee ( བཙན་བྱོལ་བོད་མི) Tibetan society ( བོད་ཀྱི་སྤྱི་ཚོགས) དང་བོད་སློབ་འཛིན་ཚོགས་ཞེས་བྲིས་ཏེ་ལས་ཁུངས་ཁག་གསུམ་ལ་མིང་ཁག་གསུམ་འཁོད་བསྡད་ཡོད་པས། སྐབས་དེའི་དུས་སུ་འཛིན་སྐྱོང་གིས་དོ་སྣང་མ་བྱུང་བའི་དཀའ་ངལ་དེ་ང་ཚོས་གདོང་ལེན་བྱ་དགོས་བྱུང་ཡོད་པ་རེད།
སིམ་ལ་གཏན་སློབ་དེ་མིང་བསྒྱུར་བྱེད་པར་ཧིན་སྒོར་འབུམ་ ༣༢ དགོས་ཀྱི་ཡོད་ཟེར་ཀྱང་། ས་གནས་ཀྱི་ལས་བྱེད་དང་། སམ་བྷོ་ཊའི་འགན་འཛིན་གྱིས་བཏང་བའི་ལས་བྱེད་རྣམས་ཀྱིས་འགན་ཡག་པོ་ཁུར་ཏེ། ཡོང་གི་མ་རེད་ཟེར་ཡང་ཆུ་ཚོད་གཉིས་གསུམ་རིང་ལག་ཟུང་ཐལ་མོ་སྦྱར་ནས་རེ་སྐུལ་ཞུས་པའི་བཀའ་དྲིན་ལ་བརྟེན་ནས། ཧིན་སྒོར་ ༥༠༠ ལས་ཤོར་མེད་པ་དང་། དེ་བཞིན་ཀ་སྦུག་གཏན་སློབ། རྡོར་གླིང་གཏན་སློབ་སོགས་རྩིས་བླངས་པར་སྐུ་ལས་སྐྱོན་མཁན་གྱི་ལས་བྱེད་རྣམས་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། ཡིན་ན་ཡང་། ཧར་པུར་ཉིན་སློབ་དེ་རྩིས་ལེན་བྱེད་སྐབས་ཧར་པུར་གྱི་ས་ཆ་ཕྱེད་ཀ་དམག་མིར་བདག་པ་དང་ས་ཆ་ཕྱེད་ཀ་བོད་སློབ་འཛིན་ཚོགས་ལ་བདག་གི་ཡོད་པས་དཀའ་ངལ་འཕྲད་ཡོད་པ་རེད། དེ་བཞིན་སིམ་ལ་གཏན་སློབ་རྩིས་ལེན་སྐབས་ཁྲིམས་གཏུགས་བྱས་ནས་དཀའ་ངལ་འཕྲད་པས། སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་དང་། འབྲེལ་ཡོད་རྣམས་ཀྱིས་ཉིན་མི་མང་པོའི་དུས་ཚོད་བཏང་སྟེ་རེ་རེ་བཞིན་ལན་བརྒྱབ་ནས་སིམ་ལའི་ཁྲིམས་ཁང་དུ་ཐེངས་གཉིས་ཕྱིན་ཚར་བ་རེད། ཐེངས་གཉིས་པར་འགྲོ་སྐབས་ཁོང་ཚོར་དུས་ཚོད་མ་རག་པས། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༢ དང་ ༢༨ གང་རུང་ལ་དུས་ཚོད་ཅིག་སྤྲད་ཡོད་པ་རེད། ཁྲིམས་ཁང་དུ་འགྲོ་དགོས་པ། ངོ་རྒོལ་དང་རྙོག་གྲ་འཆད་མཁན་མང་པོ་ཞིག་ཡོད་སྟབས། ལས་སླ་པོ་རྩ་བ་ནས་མེད་ཀྱང་། འཇམ་ཐིང་ཐིང་དཀའ་ངལ་གདོང་ལེན་བྱས་ནས་ཕྱིན་པ་ཡིན། ཞེས་གསུངས་སོང་།
ཡང་ཁོང་གིས། ཉེ་ཆར་རྩིས་བླངས་མ་ཐག་པའི་སློབ་གྲྭ་དེ་དག་ཏུ་ཡུལ་མིའི་སློབ་ཕྲུག་མང་པོ་ཞིག་ཡོད་སྟབས། བོད་ཕྲུག་དང་ཡུལ་མིའི་སློབ་ཕྲུག་གང་ཡིན་ཡང་། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་མིང་གཞུང་ཡོད་ཚེ། བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་གི་སློབ་མ་ཡིན་པ་དང་། དེ་སྔ་སློབ་གྲྭ་དེ་དག་རྩིས་ལེན་བྱེད་སྐབས་ཡུལ་མི་དང་ཕ་མ་སོགས་ཀྱིས་བོད་པའི་དགེ་རྒན་དང་བོད་པས་འཛིན་སྐྱོང་ཡག་པོ་བྱེད་ཐུབ་ཀྱི་མེད་རབས་ཀྱི་ངོ་རྒོལ་བྱས་ཡོད་ཀྱང་། དགེ་རྒན་རྣམས་ཀྱིས་བོད་པའི་སློབ་མ་དང་ཡུལ་མིའི་སློབ་མ་རྣམས་ལ་གཅིག་མཚུངས་ཀྱིས་སློབ་ཚན་བསླབས་ནས། བོད་ཀྱི་རིན་ཐང་ཅན་གྱི་བཟང་སྤྱོད་སྤེལ་ཏེ། སློབ་གྲྭ་དེ་དག་བོད་པས་འཛིན་སྐྱོང་བྱེད་པར་མི་འདྲ་བ་ཞིག་ཡོད་པ་དང་། རྒྱ་གར་གཞུང་གི་བཀའ་དྲིན་མཚོན་སླད་ཡུལ་མིའི་སློབ་ཕྲུག་དེ་དག་ལ་སློབ་སྦྱོང་ཚད་ལྡན་སྤྲད་དགོས་པའི་ལམ་སྟོན་གནང་ཡོད་སྐོར་སོགས་གསུངས་སོང་།
འདས་ལོའི་ཟླ ༡༢ ནང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁུངས་ནས་རྩིས་བླངས་པའི་སློབ་གྲྭ་དག་ནི། མ་སུ་རི་གཏན་སློབ་དང་། སིམ་ལ་གཏན་སློབ། ཌལ་ཧོར་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། ཧར་པུར་ཉིན་སློབ་བཅས་ཡིན་པ་རེད་འདུག
གསར་འགོད་པ། དཔལ་ལྡན།