སྲིད་སྐྱོང་མཆོག་ནས་རོབ་རྩིས་བྱས་ན་བོད་མི་སུད་ཚོང་བ་རྣམས་ཀྱིས་ལོ་རེར་ཨ་སྒོར་ས་ཡ་ ༤༣ གྱིས་ཚོང་རྒྱག་གི་ཡོད་པ་དང་མི་ས་ཡ་ ༡༢ ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད་དུས་ཚོང་དང་མཉམ་དུ་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་སོ་སོའི་གཞིས་ཆགས་རྣམས་ཁྱབ་བསྒྲགས་བྱེད་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་།
དེ་རིང་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། སྐབས་ལྔ་པའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཕེབས་ཏེ་གསུང་བཤད་གནང་སོང་།
ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་མི་སུད་ཚོང་བ་རྣམས་ཀྱིས་ལོ་གཅིག་གི་དུས་གཅིག་ལ་སྒུག་དགོས་ཀྱི་ཡོད་སྟབས། དུས་ཚོད་དེའི་རིང་སོ་སོ་ལ་མ་རྩ་གང་འཚམ་ཡོད་ན་ཚོང་དང་ལས་གཉེར་ཙག་ཙིག་རིགས་བྱ་དགོས་པ་དང་། ཚོང་པ་ལྷན་ཚོགས་ཀྱི་འགན་འཛིན་རྣམ་པས་ཀྱང་བོད་མིའི་གཞིས་ཆགས་ཁག་ནང་མ་རྩ་སྤར་ཐབས་དང་ཚོང་གི་ལས་འཆར་རྩོམ་ཐབས་ཐད་ལ་ལམ་སྟོན་བྱ་རྒྱུ་ཡོད་མེད་ཐད་བསམ་བློ་གཏོང་དགོས་སྐོར་དང་། ཉེ་ལམ་ཨམ་བྷ་ལའི་བོད་མི་སུད་ཚོང་ཁྲོམ་རར་མེ་སྐྱོན་ཤོར་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཞལ་འདེབས་བརྒྱུད་རོགས་རམ་གནང་ཡོད་པ་དེར་རྗེས་སུ་ཡི་རང་ཞུ་འོས་ཡིན་ཡང་། ཚོང་པའི་ལྷན་ཚོགས་ངོས་ནས་མེ་སྐྱོན་ལྟ་བུའི་གནས་ཚུལ་རིགས་ཡང་ཡང་མི་ཡོང་བའི་སྔོན་འགོག་གི་ཐབས་བྱུས་ལག་བསྟར་བྱ་དགོས་པ་དང་། བོད་མི་ཚོང་པ་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ཚོང་གི་བློ་བཅད་ཞལ་འདེབས་འབུལ་ཐུབ་ན་ལེགས་པོ་ཡོད་སྐོར་སོགས་གསུངས་སོང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྤྱིར་ཚོང་པ་རྣམས་ཀྱིས་མཉམ་རུབ་ཀྱི་ཐོག་ནས་སྒྲིག་འཛུགས་ཤིག་བཟོས་ཐུབ་པ་དེ་ཡག་པོ་བྱུང་ཡོད་ནའང་། སྒྲིག་འཛུགས་དེ་ནུས་པ་ལྡན་པ་དང་འགྲོ་ལུགས་འགྲོ་སྟངས་མཐུན་པ་ཞིག་གང་འདྲ་བཟོ་དགོས་མིན་ཐད་བསམ་བློ་གཏོང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་ཚོང་པ་རྣམས་ལ་ཁྲོམ་སའི་དཀའ་ངལ་ཡོད་པའི་ཐད་ལ་ཆེད་མངགས་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཁོངས་སུ་ལས་བྱེད་གཉིས་ཀྱི་ས་མིག་བཟོས་ཡོད་པ་དང་། ལས་བྱེད་གཉིས་ཀྱིས་རྒྱ་གར་གྱི་དཔོན་དང་ས་གནས་ཀྱི་འབྲེལ་ཡོད་མི་སྣ་རྣམས་ལ་འབྲེལ་བ་ཞུས་ཏེ་ཁྲོམ་ས་འཚོལ་ཐབས་བྱ་རྒྱུ་ཡིན་པ་དང་། ལས་བྱེད་གཉིས་བསྐོ་གཞག་བྱུང་བ་དེས་ཁྲོམ་ས་འཐོབ་རྒྱུ་ཡིན་པའི་ངེས་པ་མེད་ཀྱང་། གཙོ་བོར་ཚོང་པ་རྣམས་ལ་རོགས་རམ་བྱ་རྒྱུ་དེ་ཡིན་སྐོར་གསུངས་སོང་ལ། བོད་མིའི་སྒྲིག་འཛུགས་ལ་ཁྲོམ་སར་མེ་སྐྱོན་གྱིས་མཚོན་པའི་གོད་ཆག་བྱུང་སྐབས་དཀའ་ངལ་ཆེ་ཤོས་དེ། གྱོད་གུད་ཇི་ཙམ་ཐེབས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་དེ་ཡིན་པ་དང་། མ་འོངས་པར་ས་གནས་ཁག་གིས་རྒྱུན་དུ་རང་རང་གི་ཁྲོམ་སའི་དངོས་ཟོག་གི་གྲངས་ཐོ་ཞིག་ཉར་རྒྱུ་གལ་ཆེན་ཡིན་པ་དང་། ཡང་བཀའ་ཤག་ངོས་ནས་བོད་མི་ཕན་ཚུན་ལ་དངུལ་བསྡུ་རུབ་ཀྱི་ཐོག་ནས་རོགས་རམ་བྱ་རྒྱུ་དེར་རྒྱབ་སྐྱོར་ཞུ་ཡི་ཡོད་ཀྱང་། དེར་འགྲོ་སྟངས་འགྲོ་ལུགས་ཚད་ལྡན་ཞིག་བཟོ་དགོས་པ་གལ་ཆེན་པོ་ཡིན་སྟབས། མེ་སྐྱོན་ལྟ་བུའི་གནས་ཚུལ་བྱུང་སྐབས་ཐོག་མར་ས་གནས་དེ་གའི་ས་གནས་འགོ་འཛིན་ལས་ཁུངས་ལ་བརྡ་ལན་སྤྲོད་དགོས་སྐོར་གསུངས་སོང་།
ཡང་ཁོང་གིས་མུ་མཐུད་གསུངས་དོན། སུད་ཚོང་བ་རྣམས་ཀྱིས་རྒྱ་ཆེ་ས་ནས་བསམ་བློ་བཏང་བ་ཡིན་ན། ཁྲོམ་ས་གང་འཚམ་ཡོད་ས་དེ་ཚོ་ལ་བརྙན་འཕྲིན་འགའ་ཤས་བཞག་སྟེ་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་བྱེད་ཐུབ་ན་ཡག་པོ་ཡོད་པ་དང་། སྐབས་རེར་ཚོང་ཉུང་བའི་སྐབས་སུ་འགྲེལ་བཤད་བརྒྱབ་རྒྱུ་བྱུང་ན་ཡག་པོ་ཡོད་པ་རེད། ཅེས་དང་། རོབ་རྩིས་བྱས་ན་བོད་མི་སུད་ཚོང་བ་རྣམས་ཀྱིས་ལོ་རེར་ཨ་སྒོར་ས་ཡ་ ༤༣ གྱིས་ཚོང་རྒྱག་གི་ཡོད་པ་དང་། དངོས་ཟོག་ས་ཡ་ ༡༢ ལྷག་བཙོང་དགོས་ཀྱི་ཡོད་ཅིང་། དེའི་ཆེད་དུ་མི་ས་ཡ་ ༡༢ ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད་སྟབས། བོད་པའི་ཁྲོམ་ར་ཡོད་སྐོར་བཤད་པ་ཙམ་གྱིས་བོད་དོན་སྐོར་གོ་རྟོགས་ཐུང་ཐུང་ཞིག་ཡིན་པ་དང་། སུད་ཚོང་བ་རྣམས་ཀྱིས་རང་གི་ཁྲོམ་ས་ཡོད་སའི་ས་ཁུལ་གྱི་བོད་མིའི་གཞིས་ཆགས་རྣམས་ཁྱབ་བསྒྲགས་བྱས་ཏེ། གཞིས་ཆགས་ནང་ཡུལ་སྐོར་སྤྲོ་འཆམ་པ་སླེབས་ཐུབ་ཐབས་བྱ་དགོས་སྐོར་སོགས་གསུངས་སོང་།
གཞན་ཡང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ས་མ་ཤོར་གོང་ལ་བོད་གཞུང་གིས་ཁྲལ་བསྡུ་མ་གཏོགས་ཚོང་ལས་དེ་ཙམ་གཉེར་གྱི་མེད་པ་དང་། བཙན་བྱོལ་དུ་འབྱོར་ནས་སྔ་རྗེས་སུ་བོད་གཞུང་གིས་ལྕགས་དོང་དང་ཤོག་བུའི་བཟོ་གྲྭ་སོགས་སྒོ་ཕྱེས་ཡོད་ནའང་། གྱོང་གུད་ཆེ་བ་བྱུང་བའི་རྐྱེན་གྱིས་ཕལ་ཆེ་བ་སྒོ་བརྒྱབ་ཟིན་པ་དང་། བཀའ་ཤག་སྐབས་ ༡༢ པས་གཞུང་ངོས་ནས་ཚོང་དོན་རིགས་མི་གཉེར་རྒྱུའི་སྲིད་ཇུས་འོག་བལ་ཡུལ་དང་རྒྱ་གར་གྱི་ཚོང་ལས་སྡེ་ཚན་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་དང་། དུས་སྐབས་དེར་སྲིད་སྐྱོང་སྒེར་ངོས་ནས་བཀའ་ཤག་གི་དགོངས་པ་བཞེས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་ཁྲོད་གསལ་བཤད་བྱེད་དུ་ཕེབས་མྱོང་ཡོད་པ་དང་། ད་ལྟའི་དུས་སྐབས་ལའང་སྐབས་དེར་བཀའ་ཤག་གི་ཐག་གཅོད་དེ་འགྲིག་ཡོད་པར་ངོས་འཛིན་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།
རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ཀྱིས་དེར་བཅར་གསར་འགོད་པ་རྣམས་ཀྱི་བཅར་འདྲི་དང་ལེན་གནང་སྐབས། དེ་རིང་ནས་ཟླ་འདིའི་ཕྱི་ཚེས་ ༡༨ བར་ཉིན་གྲངས་གསུམ་རིང་གི་ཚོང་པའི་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་ཚོང་པའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་གཏོང་ཕྱོགས་དང་། ཚོགས་པ་ཚགས་ཆུད་ཡོང་ཐབས་ཀྱི་གྲོས་གཞི་མང་པོ་འདོན་འཆར་ཡོད་སྐོར་འགྲེལ་བརྗོད་གནང་སོང་། སྤྱིར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་འདི་བཞིན་ཕྱི་ལོ་ ༢༠༠༦ ལོར་བོད་མིའི་སྤྱི་ཚོགས་ཁྲོད་ཚོང་ལས་ཡར་རྒྱས་དང་། ཚོང་པ་རྣམས་སྒྲིག་འཛུགས་གཅིག་གི་ཁོངས་སུ་འཇུག་ཐབས། བོད་མི་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་བབ་གོར་མཐོར་གྱི་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་། ད་ལྟའི་ཆར་ལྷན་ཚོགས་དེའི་ཁོངས་སུ་རྒྱ་གར་གྱི་མངའ་སྡེ་ ༡༩ ནང་ཡོད་པའི་ས་གནས་ཁག་ ༢༤༧ གྱི་ཚོགས་མི་ ༣༧༠༠ ལྷག་ཡོད་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།