དེ་རིང་བོད་ནང་གི་རྩོམ་པ་པོ་གྲགས་ཅན་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་དགུང་གྲངས་ ༨༨ ཐོག་སྐུ་གྲོངས་ཡོད་འདུག
བོད་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་བརྩམས་སྒྲུང་གྲགས་ཅན་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་བོད་ཀྱི་རྩོམ་པ་པོ་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་དགུང་ལོ་ ༨༨ ཐོག་ལགས་སྐུ་གྲོངས་ཡོད་སྟབས། བོད་ནང་གི་རྩོམ་པ་པོ་དང་ཁོང་གི་བརྩམས་ཆོས་ལ་དགའ་མོས་བྱེད་མཁན་གྱི་ཀློག་པ་པོ་མང་པོ་ཞིག་གིས་སྤྱི་ཚོགས་དྲ་ལམ་སོགས་སུ་མྱ་ངན་ཞུ་བཞིན་འདུག
ཁོང་གི་བརྩམས་ཆོས་ལ་དགའ་མོས་བྱེད་མཁན་གྱི་བོད་ནང་གི་བོད་མི་ཞིག་གིས། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་འཕྲུལ་དེབ་ཅིག་ཁ་པར་དུ་ཉར་ནས་ཡུན་རིང་འགོར། དེའི་རིང་ལ་གྲོགས་པོ་འགའ་རེར་མཉམ་སྤྱོད་དུའང་གཏད། ཁོ་བ་ཅག་གིས་བཀླགས་གྲུབ་ཡོད་ཤག་ཡིན། འོན་ཏེ་ངས་དཔེ་ཆའི་མགོ་ནས་མར་ཤོག་ལྡེབ་འགའ་ལས་བཀླག་མ་ནུས་པར་ལྷག རྒྱུ་མཚན་ངས་བརྩམས་སྒྲུང་ཞིག་བཀླག་རྒྱུ་ཡིན་ན་དེའི་ཡིག་ཕྲེང་གཅིག་མ་ཟད་ཚིག་འབྲུ་རེ་རེ་བཞིན་གཅིག་ཀྱང་ལུས་པ་མེད་པར་རུས་སྦལ་ནུར་འགྲོས་ཀྱིས་མ་བཀླག་ན་ཞེ་བློ་བདེར་འབབ་མི་ཐུབ། དེའི་རྐྱེན་གྱིས་བརྩམས་སྒྲུང་གི་དེབ་འགས་ད་ལྟ་ད་དུང་ངའི་མལ་སའི་གཡས་གཡོན་བསྐོར་ནས་ཡོད། དེ་རིང་ཁོང་སྐུ་གཤེགས་པ་ཐོས་འཕྲལ་ཕངས་སེམས་ཤིག་གིས་བསྒུལ་བྱུང་། དེ་རྒན་རབས་པ་ཁོང་ཚེ་དུས་བགྱིས་པས་མིན་ལ་ཁོང་མ་གཤེགས་གོང་ནས་“བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད”བཀླག་མ་གྲུབ་པས་ཡིན། བགྲེས་སོང་ལགས། རང་རིག་གསལ་གྱི་ལམ་ནས་ཕེབས་དང་། གུས་པས་ཁྱེད་ཀྱི་གསུང་གི་ལང་ཚོ་ལ་རྒྱུས་ལོན་ཐེངས་གཅིག་བྱ་རྒྱུ་དམ་བཅས་པ་ཡིན། འོད་དཔག་མེད་ཀྱིས་མཁྱེན་ནོ། ། ཅེས་བྲིས་ཡོད་པ་དང་། ཡང་བོད་མི་གཞན་ཞིག་གིས་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ལས་ལྷག་པའི་བོད་རྩོམ་ཡག་པོ་ཀློག་མ་མྱོང་། དབུས་སུ་འབྱོར་ན། ཁོང་གི་ཞབས་ལ་ལན་གཅིག་བཅར་བའི་གྲ་སྒྲིག་ཚགས་སུ་ཆུད་ཡོད་མོད། ཁོང་ཉིད་སྐུ་གཤེགས་པའི་གཏམ་ངན་ཐོས་བྱུང་། ལས་ངན་པ་ལ་ཨང་། ཞེས་བྲིས་ཡོད་པ་སོགས་ཁོང་གི་བརྩམས་ཆོས་ནས་མགོ་བརྩམས་ཏེ་རྩོམ་པ་པོ་ཁོང་ལ་རྗེས་དྲན་དང་མྱ་ངན་ཞུ་བཞིན་འདུག
བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲས་གླིང་དབང་རྡོར་ལགས་ནི་ཕྱི་ལོ ༡༩༣༤ ལོར་རྒྱལ་རྩེ་ཡི་སྐུ་དྲག་ཕལ་བ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཕྱི་ལོ་༡༩༤༦ ལོར་བཀའ་ཤག་གིས་རྒྱ་གར་ཀ་ལིང་སྦུག་གི་སེན་འཇོ་སེབ་སློབ་གླིང་གི་སློབ་འབྲིང་དུ་སློབ་སྦྱོང་བྱེད་པར་མངགས། ༡༩༥༣ ལོར་བོད་དུ་ཕྱིར་ཕེབས་རྗེས་ལྷ་ས་སློབ་ཆུང་དང་པོ་དང་། གཞིས་རྩེ་ལས་བྱེད་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འགན་འཛིན་གྱི་ལས་གནས་གཉེར། ༡༩༩༡ ལོར་རྒན་ཡོལ་ཞུས་རྗེས་ཁོང་གིས་སྒྲུང་རིང་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་རྩོམ་གནང་མཛད་ཅིང་། དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཤེག་སེ་ཕེར་གྱི་གྲགས་རྩོམ་ཧམ་ལི་ཀྲི་དང་རོ་མེའོ་དང་ཇུ་ལི་ཀྲི་སོགས་བོད་བསྒྱུར་གནང་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན།