འདས་པའི་ལོ་གཅིག་ནང་སྤྱན་ལྔར་གྲགས་པའི་སྟོབས་ཆེན་རྒྱལ་ཁབ་ལྔ་སྟེ་ཨ་རི་དང་དབྱིན་ཇི། ཨོ་གླིང་། ནིའུ་ཛི་ལན་ཌི། ཁེ་ན་ཌ་བཅས་ནས་སོ་སོའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་སྔ་གཞུག་ཏུ་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་དང་ཛི་ཊི་ཨི་གཉིས་བཀོལ་སྤྱོད་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།
ཁ་སང་ཕྱི་ཚེས་ ༢༠ ཉིན་ཁེ་ན་ཌ་གཞུང་གིས་ཨ་རི་ཚུད་པའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱི་རྗེས་སུ་འབྲངས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཆེད་དུ་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་གྲས་ཧྭ་ཝེ་ (Huawei) དང་ཛི་ཊི་ཨི་ (ZTE) གཉིས་ཁེ་ན་ཌའི་རིམ་པ་ལྔ་པའི་དྲ་ལམ་ (5G Network) ནང་བཀོལ་སྤྱོད་མི་ཆོག་པའི་བཀའ་རྒྱ་བཏང་འདུག་པ་མ་ཟད། ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་ཧྭ་ཝེ་དང་ཛི་ཊི་ཨི་གཉིས་ཀྱི་དྲ་ལམ་འཕྲུལ་ཆས་རིགས་ཡོངས་སུ་སྤྱོད་མཚམས་འཇོག་དགོས་པའི་བཀའ་བཏང་འདུག
ཁེ་ན་ཌའི་བཟོ་གྲྭའི་བློན་ཆེན་ཤེམ་པེན་ (Francois-Philippe Champagne) གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཁེ་ན་ཌའི་གཞུང་གི་ཐག་གཅོད་དེ་ནི་རྒྱལ་ཁབ་ཀྱི་རྒྱང་འཕྲིན་ཚན་པའི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཡིན་པ་མ་ཟད། དེས་ཁེ་ན་ཌའི་ཁ་པར་དྲ་ལམ་ཡར་རྒྱས་གོང་འཕེལ་གཏོང་ངེས་ཡིན་སྐོར་དང་། ཐག་གཅོད་འདི་ནི་བདེ་འཇགས་མི་སྣས་བསྐྱར་ཞིབ་མཐིལ་ཕྱིན་བྱས་པ་དང་ཁེ་ན་ཌའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ས་ནས་ལམ་སྟོན་ཞུས་ཏེ་བླངས་པ་ཞིག་ཡིན་སྐོར་བརྗོད་འདུག
ཁེ་ན་ཌ་གཞུང་གི་ཐག་གཅོད་དེར་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཝང་ཝེན་པིན་ཟེར་བ་དེས། ཁེ་ན་ཌས་རྒྱ་ནག་གི་བཟོ་ཚོང་ཁང་རྣམས་རང་གི་ཁྲོམ་ར་ནས་རྒྱང་ཕུད་གཏོང་ཆེད་བདེན་དཔང་མེད་པའི་ཐོག་ནས་བདེ་འཇགས་ཀྱི་ཉེན་ཁ་ལ་ཁག་བཀྲིས་པ་རེད། བྱེད་སྟངས་དེས་ཁྲོམ་རའི་དཔལ་འབྱོར་དང་གུ་ཡངས་ཚོང་འབྲེལ་གྱི་སྒྲིག་གཞིར་རྡོག་རོལ་དང་། རྒྱ་ནག་གི་བཟོ་གྲྭ་རྣམས་ལ་ཡོད་པའི་ལུགས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་ལ་དོ་ཕོག་ཚབས་ཆེན་ཐེབས་ཀྱི་ཡོད། རྒྱ་ནག་ཕྱོགས་ནས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་གནད་དོན་དེར་ཞིབ་འཇུག་གཏིང་ཟབ་བྱས་ཏེ་རྒྱ་ནག་གི་བཟོ་སྐྲུན་ཁང་གི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་ཆེད་ཐབས་ལམ་ཡོད་ཚད་བསྟེན་ངེས་ཡིན། ཞེས་ཡ་ལན་སྤྲད་འདུག་ལ། ཁེ་ན་ཌར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཐག་གཅོད་དེ་ནི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་ཡིན་པ་དང་། ཁེ་ན་ཌ་གཞུང་གིས་ཨ་རི་དང་མཉམ་འབྲེལ་བྱས་ཏེ་རྒྱ་ནག་གི་བཟོ་གྲྭ་ལ་དམ་དྲག་བྱེད་ཀྱི་ཡོད་སྐོར་བཤད་འདུག
ཁེ་ན་ཌར་ཡོད་པའི་ཧྭ་ཝེ་ལས་ཁུངས་ཀྱིས། ཁེ་ན་ཌ་གཞུང་གིས་ཧྭ་ཝེ་བཀག་སྡོམ་བྱས་པ་དེས་རྒྱལ་ཁབ་ནང་གི་དྲ་ལམ་འཕྲུལ་ཆས་ཀྱི་རིན་གོང་ཤུགས་ཆེར་འཕར་ངེས་ཡིན་སྐོར་དང་། ད་ལན་གྱི་གནད་དོན་འདི་ནི་ཚོང་དོན་གྱི་རྒྱ་ལས་བརྒལ་བ་ཞིག་ཡིན་སྟབས་སྟངས་འཛིན་བྱེད་ཐབས་མེད་སྐོར་དང་། ཧྭ་ཝེ་ངོས་ནས་མུ་མཐུད་རང་གི་འཛད་སྤྱོད་པ་རྣམས་ཀྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱ་ངེས་ཡིན་སྐོར་བརྗོད་འདུག དེ་བཞིན་ཛི་ཊི་ཨི་འཕྲུལ་རིག་བཟོ་ཚོང་ཁང་གིས་ཁེ་ན་ཌ་གཞུང་གི་ཐག་གཅོད་བཀའ་ཁྱབ་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག
འདས་པའི་ལོ་གཅིག་ནང་ཨ་རི་དང་དབྱིན་ཇི། ཨོ་གླིང་། ནིའུ་ཛི་ལན་ཌི། ཁེ་ན་ཌ་བཅས་སྟོབས་ཆེན་རྒྱལ་ཁབ་ལྔ་ལས་གྲུབ་བའི་སྤྱན་ལྔ་ (Five Eyes) ཞེས་པའི་རྒྱལ་སྲུང་སོགས་ཀྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་རེས་ཀྱི་མནའ་འབྲེལ་རྒྱལ་ཚོགས་ཁྲོད་ནས། ཁེ་ན་ཌ་ཕུད་པའི་རྒྱལ་ཁབ་གཞན་བཞི་ཡིས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་དེ་གཉིས་རང་གི་རིམ་པ་ལྔ་པའི་དྲ་ལམ་འཛུགས་སྐྲུན་ལས་གཞི་ནང་ཞུགས་མི་ཆོག་པའི་ཐག་གཅོད་བླངས་ཟིན་པ་རེད། ཁེ་ན་ཌར་མཚོན་ན། ཐོག་མར་ཕྱི་ལོ་ ༢༠༡༨ ལོར་གཞུང་གིས་ཧྭ་ཝེ་ཡི་འཕྲུལ་རིག་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བའི་རྐྱེན་གྱིས་གང་མགྱོགས་བཀག་སྡོམ་བྱ་སྲིད་པའི་ཚོད་དཔག་བྱས་ཡོད་ནའང་། ལོ་དེའི་ཕྱི་ཟླ་ ༡༢ ནང་ཁེ་ན་ཌའི་ཉེན་རྟོག་པས་ཨ་རིའི་རེ་སྐུལ་འོག་རྒྱལ་ཁབ་དབར་གྱི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་སྒྲིག་གཞིར་བཟུང་། ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་གསར་འཛུགས་བྱེད་མཁན་དང་སྦྱིན་བདག་རེན་ཀྲེང་ཧྥེ་ (Ren Zhengfei) ཟེར་བའི་བུ་མོ་འཕྲུལ་རིག་བཟོ་ཚོང་ཁང་དེའི་ནོར་དོན་སྤྱི་ཁྱབ་མེན་ཝན་ཀྲུའུ་ (Meng Wanzhou) ཟེར་བ་དེ་འཛིན་བཟུང་བྱས་པའི་གནད་དོན་དེའི་རྐྱེན་པས་འགོར་འགྱངས་ཕྱིན་པ་ཞིག་ཡིན་པ་རེད། མེན་ཝན་ཀྲུའུ་འཛིན་བཟུང་གི་གནད་དོན་དེས་རྒྱ་ནག་དང་ཁེ་ན་ཌའི་དབར་གྱི་ཕྱི་འབྲེལ་དང་ཚོང་འབྲེལ་སོགས་ཆེས་ཛ་དྲག་ཏུ་གྱུར་བ་མ་ཟད། རྒྱ་ནག་གིས་དེར་འཁོན་ལན་གྱི་ཚུལ་དུ་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་མེ་ཁལ་ཀོབ་རིག་ (Michael Kovrig) དང་། ཚོང་བ་མེ་ཁལ་སི་པེ་ཝོར་ (Michael Spavor) གཉིས་ཀྱིས་གསང་མྱུལ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་རེད། མཐར་འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཁེ་ན་ཌས་ཁྲིམས་ཁང་ཞིག་གིས་མེན་ཝན་ཀྲུའུ་ཀློད་གྲོལ་བཏང་བ་དང་བསྟུན། རྒྱ་ནག་གིས་ཀྱང་ཁེ་ན་ཌའི་མི་སེར་གཉིས་དེ་མ་ཐག་ཏུ་ཀློད་གྲོལ་བཏང་རྗེས་གནས་སྐབས་རིང་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་རྒྱུན་བཞིན་གནས་ཡོད་པ་རེད།
དབྱིན་ཡུལ་གྱི་གྷར་ཌིན་གསར་ཁང་ལྟར་ན། ད་བར་ཁེ་ན་ཌས་བཟོ་ཚོང་ཁང་དག་གིས་ཧྭ་ཝེ་ཡི་འཕྲུས་རིག་ཉོ་སྒྲུབ་ཀྱི་ཆེད་དུ་ཨ་སྒོར་ས་ཡ་ ༥༤༦ ལྷག་བཏང་ཡོད་པ་དང་། གཞུང་གི་བཀའ་ཁྱབ་གཞིར་བཟུང་བཟོ་ཚོང་ཁང་རྣམས་ཀྱིས་རང་གི་རིམ་པ་ལྔ་པའི་དྲ་ལམ་ཆེད་བཀོལ་བཞིན་ཧྭ་ཝེ་དང་ཛི་ཊི་ཨི་གཉིས་ཀྱི་འཕྲུལ་ཆས་རྣམས་ཕྱི་ལོ་ ༢༠༢༤ སྔོན་ཚུད་ནས་འདོར་དགོས་པ་དང་། ཡང་ད་ལྟ་བཀོལ་སྤྱོད་ཤུགས་ཆེར་བྱེད་བཞིན་པའི་རིམ་པ་བཞི་པའི་དྲ་ལམ་ཆེད་སྤྱོད་པའི་རྒྱ་ནག་གི་འཕྲུལ་ཆས་དེ་དག་ཕྱི་ལོ་ ༢༠༢༧ བར་གཙང་སེལ་དགོས་ཀྱི་ཡོད་ཅིང་། གཞུང་ཕྱོགས་ནས་གཙང་སེལ་གྱི་ཆེད་དུ་གུན་གསབ་ལྟ་བུའང་སྤྲོད་རྒྱུ་མེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།