ཁ་སང་ཕྱི་ཚེས་ ༢༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨོ་གླིང་གི་ངལ་རྩོལ་ཚོགས་པའི་མགོ་འཁྲིད་ཨེན་ཐོ་ནི་ཨལ་བྷེ་ནི་སི་ (Anthony Albanese) ལགས་ཨོ་གླིང་གི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་ཡོད་འདུག
གསུང་འཕྲིན་ནང་མགོན་པོ་མཆོག་གིས་སྲིད་བློན་གསར་པར་ཨོ་གླིང་མི་མང་གི་རེ་འདུན་རྣམས་ཇི་བཞིན་བསྒྲུབ་རྒྱུ་དང་། འཛམ་གླིང་འདི་སྔར་བས་མཛའ་མཐུན་ལྡན་པ་ཞིག་ཏུ་བསྐྲུན་རྒྱུར་ལམ་ལྷོངས་ཡོང་བའི་ཐུགས་སྨོན་གནང་བ་དང་འབྲེལ། ངོས་རང་ཐོག་མར་ཕྱི་ལོ་ ༡༩༨༢ ལོར་ཨོ་གླིང་དུ་འགྲོ་རྒྱུ་བྱུང་བ་ནས་བཟུང་། ཞི་བདེ་ལ་དོན་གཉེར་ཡོད་པའི་ཤེས་ཡོན་གྱི་ལྟེ་གནས་ཁང་དང་ཚོགས་སྡེ་ཁག་གི་མགྲོན་འབོད་འོག་ངོས་རང་འཆར་ཅན་ལྟར་ཁྱེད་ཀྱི་ཡིད་དབང་འཕྲོག་པའི་རྒྱལ་ཁབ་ལ་བསྐྱོད་རྒྱུའི་གོ་སྐབས་བྱུང་སོང་། ཨོ་གླིང་གི་རྒྱབ་ལྗོངས་འདྲ་མིན་ནས་ཡིན་པའི་མི་མང་གི་གུ་ཡངས་དང་བརྩེ་བས་ངོས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ངོས་ཀྱི་བྱམས་བརྩེ་དང་། བཟོད་སྒོམ། བཟོད་གསོལ་ལྟ་བུའི་འགྲོ་བ་མིའི་གཞི་རྩའི་རིན་ཐང་། དེ་བཞིན་ཆོས་ལུགས་མཐུན་འབྲེལ་བཅས་གོང་འཕེལ་གཏོང་བའི་བྱ་འགུལ་ལ་མི་མང་པོས་སྤྲོ་སེམས་ཆེན་པོས་དོ་དབྱིངས་གནང་བ་དེས་ངོས་རང་ལ་སེམས་ཤུགས་བྱིན་སོང་། ཞེས་དང་། ཨོ་གླིང་གི་མི་མང་དང་མགོ་འཁྲིད་རྣམ་པས་ང་ཚོ་བོད་མིའི་ནང་བསྟན་རིག་གཞུང་རྒྱུན་འཛིན་ཐད་ལ་རྒྱབ་སྐྱོར་གནང་བཞིན་པར་དགའ་སྤོབས་ཆེན་པོ་སྐྱེ་བཞིན་ཡོད། བོད་ཀྱི་ནང་བསྟན་རིག་གཞུང་གི་འཚེ་བ་མེད་པ་དང་བྱམས་བརྩེའི་ལྟ་གྲུབ་ཀྱིས། མི་སྒེར་ལ་ནང་སེམས་ཀྱི་ཞི་བདེ་དང་། འཛམ་གླིང་སྤྱི་ལ་ཞི་བདེ་ཡོང་རྒྱུར་ཞབས་འདེགས་སྒྲུབ་ཐུབ། ཅེས་གསུངས་ཡོད་འདུག
གཞན་ཡང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་གནང་སྟེ་སྐུ་ཞབས་ཨེན་ཐོ་ནི་ཨལ་བྷེ་ནི་སི་ལགས་སུ་འཚམས་འདྲི་གནང་བའི་ནང་། ཨོ་གླིང་གཞུང་མང་གཉིས་ནས་རྒྱུན་དུ་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། རྒྱ་དམར་གཞུང་གིས་འདས་པའི་ལོ་ངོ་ ༦༣ ནང་བོད་ལ་ཞི་བའི་བཅིངས་གྲོལ་དང་། ཡར་རྒྱས་བཏང་ཡོད་ཚུལ་གྱི་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་བོད་ནང་གི་གནས་སྟངས་ནི་ཧ་ཅང་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཆགས་ཡོད། བོད་ནང་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། དེ་བཞིན་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྒྱ་དམར་གཞུང་གིས་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༧ གྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ཁོང་རྣམ་པས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཡོད། ཅེས་དང་། ཨོ་གླིང་ནི་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་། བོད་མིའི་ངོ་བོ་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཐོག་མཐུན་འགྱུར་གནང་མཁན་ཐོག་མའི་གྲས་ཤིག་ཡིན། སྐུ་ཉིད་ཀྱི་དབུ་ཁྲིད་འོག་མུ་མཐུད་དེ་ལྟར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད། སྐུ་ཉིད་ཀྱིས་ཨོ་སི་ཊོ་ལི་ཡའི་མི་མང་གི་མངོན་འདོད་བསྒྲུབ་རྒྱུའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་ཡི་ཡིན། ཞེས་གསུངས་འདུག
ཨོ་གླིང་གི་སིཌ་ནིའི་ཞོགས་པའི་ཆ་འཕྲིན་ (The Sydney Morning Herald) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་ཕྱི་ཚེས་ ༢༡ ཉིན་བསྡུས་པའི་ཨོ་གླིང་གི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་གྲུབ་འབྲས་ཆ་ཚང་ཐོན་མེད་ནའང་། དེ་རིང་སྔ་དྲོའི་བར་གྲོས་ཚོགས་འོག་མའི་ཁྱོན་རྐུབ་སྟེགས་ ༡༥༡ ཁྲོད་ནས། སྐུ་ཞབས་ཨེན་ཐོ་ནི་ཨལ་བྷེ་ནི་སི་ཡིས་སྣེ་ཁྲིད་པའི་ངལ་རྩོལ་ཚོགས་པར་རྐུབ་སྟེགས་ ༧༢ དང་། སྲིད་བློན་སི་ཀོ་ཊི་མོ་རི་སོན་གྱིས་སྣེ་ཁྲིད་པའི་གུ་ཡངས་མཉམ་འབྲེལ་ཚོགས་པར་ཁྱོན་རྐུབ་སྟེགས་ ༥༡ ཐོབ་ཡོད་ཅིང་། གཞན་རྐུབ་སྟེགས་ ༡༣ ལྗང་ཁུ་ཚོགས་པ་དང་རང་དབང་ལྡན་པའི་འཐུས་མི་ལ་ཐོབ་ཡོད་ཅིང་། རྐུབ་སྟེགས་ ༡༥ ད་དུང་ཐག་ཆོད་མ་ཐུབ་པར་ལྷག་ཡོད་པ་རེད་འདུག མང་པོའི་སྲིད་གཞུང་ཞིག་འཛུགས་རྒྱུར་ངལ་རྩོལ་ཚོགས་པར་ཁྱོན་རྐུབ་སྟེགས་ ༧༦ དགོས་ཀྱི་ཡོད་པ་རེད།
ཕྱི་ཚེས་ ༢༡ ཉིན་འོས་བསྡུའི་གྲུབ་འབྲས་རིམ་ཐོན་གྱིས་ངལ་རྩོལ་ཚོགས་པར་རྒྱལ་ཁབ་ཐོབ་པ་དེས། ངལ་རྩོལ་ཚོགས་པ་ལོ་བཅུ་ཕྲག་གཅིག་ལྷག་གི་རྗེས་ཨོ་གླིང་གི་ཆབ་སྲིད་མགོ་འཁྲིད་ནང་ཕྱིར་ལོག་བྱེད་ཐུབ་པ་རེད། བདམས་ཐོན་སྲིད་བློན་གསར་པས་རྒྱལ་ཁའི་གཏམ་བཤད་སྤེལ་སྐབས། ངས་ཨོ་གླིང་བ་རྣམས་བསྐྱར་དུ་ཆིག་སྒྲིལ་བཟོ་རྒྱུ་ཡིན། ངས་ང་ཚོ་ཐུན་མོང་གི་དམིགས་ཡུལ་ཀྱི་རྗེས་སུ་འབྲངས་ཏེ། གཅིག་སྒྲིལ་དང་བཟང་ཕྱོགས་ལ་ཤུགས་བརྒྱབ་རྒྱུ་ལས། ཞེ་སྣང་དང་ཁ་འཐོར་གྱི་ཕྱོགས་སུ་བསྐྱོད་རྒྱུ་མིན། ཞེས་བརྗོད་ཡོད་ལ། ཁོང་གིས་ཕྱི་ཚེས་ ༢༡ ཉིན་དེ་རང་ལ་ཡུལ་དེའི་སྲིད་བློན་ཐེངས་ ༣༡ པའི་ལས་འཁུར་དམ་བཅའ་ཕུལ་ཏེ། དེ་རིང་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་རྒྱུ་གཙོ་འདོན་བྱས་པའི་རྒྱལ་ཁབ་བཞིའི་ལྷན་ཚོགས་ཆེད་ཉི་ཧོང་ལ་བསྐྱོད་ཡོད་པ་རེད།
ད་ལྟ་རང་ལོ་ ༥༩ ཡིན་པའི་ཨོ་གླིང་གི་ཆབ་སྲིད་པ་རྙིང་གྲས་སྲིད་བློན་གསར་པ་ཨེན་ཐོ་ནི་ཨལ་བྷེ་ནི་སི་ནི་ཡུལ་དེའི་གྲོང་ཁྱེར་སིཌ་ནི་ཁུལ་གྱི་ཡིན་ཞིང་། ཁོ་པ་ནི་ཡོངས་གྲགས་སུ་རིན་མེད་ཀྱི་སྨན་བཅོས་ལྟ་སྐྱོང་དང་། ཨེལ་ཇི་བྷི་ཊི་(LGBT) མི་སྡེའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཕྱི་ལོ་ ༡༩༩༦ ལོར་ཐོག་མར་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་རྗེས། རིམ་གྱིས་གྲོས་ཚོགས་ཀྱི་ཁ་གཏད་ཚོགས་པའི་བློན་ཆེན་(Shadow Mininster) རིམ་པའི་གོ་གནས་བསྟུད་མར་ཐོབ་སྟེ། མཐར་ཕྱི་ལོ་ ༢༠༠༧ ལོར་རྒྱལ་ཡོངས་འོས་བསྡུའི་སྐབས་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན། ཨེན་ཐོ་ནི་ཨལ་བྷེ་ནི་སི་ཨོ་གླིང་གི་འཛུགས་སྐྲུན་དང་འགྲིམ་འགྲུལ་བློན་ཆེན་དུ་བསྐོ་གཞག་བྱུང་ཡོད་ལ། ཕྱི་ལོ་ ༢༠༡༣ ལོར་གཞུང་འཛིན་ཚོགས་པའི་མགོ་འཁྲིད་འཕོ་འགྱུར་གྱི་རྐྱེན་པས་ཁོ་པ་ཐོག་མར་ངལ་རྩོལ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ལོ་དེའི་ཟླ་ ༦ ནས་ ༩ པའི་བར་ཨོ་གླིང་གི་སྲིད་བློན་གཞོན་པའི་ལས་འཁུར་ཞུས་པ་རེད། ཁོ་པས་ཕྱི་ལོ་ ༢༠༡༩ ནས་བཟུང་ད་བར་ངལ་རྩོལ་ཚོགས་པའི་མགོ་འཁྲིད་བྱས་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།