དཔལ་༧ས་སྐྱའི་བརྟན་བཞུགས་བསྟར་འབུལ་སྐབས་༧གོང་ས་རྒྱལ་རིན་པོ་མཆོག་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་རྒྱ་ཆེ་མི་མང་གི་རེ་འདོད་སྐོང་ཆེད་ཁོང་སྐུ་ཚེ་ཡུན་རིང་བརྟན་པར་ཐུགས་སྨོན་གནང་གི་ཡོད་པ་ལྟར་བོད་མི་ཚོས་ཀྱང་དེ་དེ་བཞིན་གྱིས་སྨོན་ལམ་ཞུ་དགོས་སྐོར་གསུངས་སོང་།
དེ་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་། ༧དཔལ་ས་སྐྱ་གོང་མ་༧བདག་ཁྲི་རིན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར། ས་སྐྱ་༧གོང་མ་ཁྲི་འཛིན་རྣམ་གཉིས་སོགས་དབུ་བཞུགས་ཐོག་དཔལ་ས་སྐྱ་བའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་སྒྲོལ་དཀར་བསྙེན་མཚམས་ཡོད་པའི་མཁན་བླ་སྤྲུལ་དགེ་འདུན་པ་ ༡༡༣ ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བརྟན་བཞུགས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ས་སྐྱ་༧ བདག་ཁྲི་རིན་པོ་ཆེ་དབུ་བཞུགས་མཛད་དེ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་གནང་ཡོད་པ་རེད། ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡིན། སྒྲོལ་དཀར་ཡེ་ཤེས་འཁོར་ལོ་ནི་ང་ཚོའི་ཚེ་ལྷ་རེད་ལ། འཆར་ཅན་འདོན་གྱི་ཡོད་རེད། དེ་རིང་འདིར་ས་སྐྱ་༧བདག་ཁྲི་རིན་པོ་ཆེ་དབུ་མཛད་པའི་ཕུན་ཚོགས་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་། ཁྱེད་ཚོ་ཚང་མས་འདིར་བརྟན་བཞུགས་གནང་ཡོད་རེད། ངོས་རང་ལ་ཆ་བཞག་ན། བཅོ་བརྒྱད་རིན་པོ་ཆེའི་སྐུ་མདུན་ནས་ཀྱེ་རྡོར་ཞུས། ས་སྐྱའི་ལམ་འགྲེལ་ཞུས་ཡོད་རེད། ངས་ཀྱེ་རྡོར་ཉིན་རེ་བཞིན་དུ་འདོན་བསྡད་ཀྱི་ཡོད། བྱས་ཙང་། གསང་ཆེན་སློབ་ཤེས་པའི་གྲལ་མཐར་ཡོད་བསྡད་པ་ཞིག་ཆགས་བསྡད་ཀྱི་ཡོད། གང་ལྟར། བོད་གངས་ཅན་ལྗོངས་ཀྱི་རིས་མེད་ཀྱི་ཆོས་བརྒྱུད་ཁག་ལ་སོ་སོའི་ཐུན་མོང་མ་ཡིན་པའི་མན་ངག་རེ་རེ་བྱས་ནས་གཞན་དང་མི་འདྲ་བ་རེད། བྱས་ཙང་ངོས་རང་ནས་ལམ་འགྲེལ་ཞུས། ཀྱེ་རྡོར་ཉིན་ལྟར་འདོན་དུས་ས་སྐྱའི་ལམ་འགྲེལ་བ་ཟེར་ནས་ལབ་ཆོག་པ་ཞིག་ཆགས་བསྡད་ཡོད་རེད། ཅེས་གསུངས་སོང་།
དེ་རིང་བརྟན་བཞུགས་དམིགས་བསལ་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡིན། བོད་ཀྱི་གནས་སྟངས་ལ་བསམ་བློ་གཏོང་དུས། ངོས་རང་ཚེ་རིང་པོ་ཞིག་བསྡད་མ་ཐུབ་ན་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་རྒྱ་ཆེ་མི་མང་གི་རེ་འདོད་དེ་སྐོང་ཐུབ་ཀྱི་མ་རེད་བསམ་ནས། ངོས་རང་སེམས་ཤུགས་སྐྱེད་ནས་སྡོད་ཀྱི་ཡོད། ལོ་བརྒྱ་ཡས་མས་ཞིག་བསྡད་ཐུབ་རྒྱུར་ངོས་རང་གིས་སྨོན་ལམ་རྒྱག་གི་ཡོད། ཁྱེད་རང་ཚོས་དེ་ལུགས་ཀྱིས་ཐུགས་སྨོན་གནང་ཤོག་ཨཱ། ང་རང་ཚོ་བཙན་བྱོལ་བ་རེད། ང་ཚོའི་བསྟི་གནས་གཙོ་བོ་དེ་བོད་ལ་ཡོད་རེད། དཔེར་ན་ས་སྐྱར་ཆགས་བཞག་ན། རི་དཀར་པོ་ཞིག་གི་མདུན་དེར་འདུག ས་སྐྱ་དངོས་གནས་དྲང་གནས་ཆོས་རྗེ་ས་པཎ་ལ་སོགས་པ་དེ་ཚོའི་གྲས་ཀྱིས་བྱིན་གྱིས་བརླབས་པའི་གནས། བླ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་རེད། དེ་འདྲའི་བསྟན་པ་ཞིག་གི་རྒྱུན་འཛིན་མཁན་ཞིག་ཆགས་བསྡད་ཡོད་རེད། ཁྱེད་རང་ཚོར་གཞུང་ཆེན་སློབ་གཉེར་ཡོད་པ། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་དེ་ཚོའི་གྲས་དེ་ཉམས་ལེན་ཡོད་པ། གང་ལྟར་མདོ་སྔགས་ཟུང་འབྲེལ་ཐུན་མོང་མ་ཡིན་པ་ཞིག་ཆགས་བསྡད་ཡོད་རེད། རིན་པོ་ཆེས་དབུ་འཁྲིད་ནས་ཚང་མས་ད་ལྟ་ནང་བཞིན་ཧུར་ཐག་གནང་ཤོག་ཨཱ། རིན་པོ་ཆེ་ཆུང་ཆུང་ནས་ངའི་ངོ་ཤེས་རེད། ཧུར་ཐག་འབད་ཐག་གནང་སོང་། ཐུགས་རྗེ་ཆེ་ཞུ་ཡི་ཡིན། བཀྲ་ཤིས་བདེ་ལེགས། ཅེས་གསུངས་སོང་།
གནངས་ཉིན་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ ཅན་དེ་ལེགས་འགྲུབ་ཟིན་པ་དབུ་འབྱེད་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་རེད།
གཞན་ཡང་མཛད་འཆར་ལྟར་ན། ཕྱི་ཟླ་ ༦ ཚེས་ ༡ དང་ ༢ ཉིན་གྱི་སྔ་དྲོར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཟླ་ ༧ ཚེས་ ༨ ནས་ ༡༠ བར་ཉིན་གྲངས་ ༣ རིང་སྟོད་རྒྱུད་གྲྭ་ཚང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་རིན་པོ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལར་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་ལྟར། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་། ཚེས་ ༩ དང་ ༡༠ ཉིན་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
ལམ་འགྲེལ་མ་རེད། ལམ་འབྲས་རེད་ལགས། ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཞུ་བ་རེད།