༧གོང་ས་མཆོག་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྒྱ་ནག་གི་སྒོམ་ཆེན་པ་ཚོ་གདན་དྲངས་ཏེ་བགྲོ་གླེང་གནང་བ་བརྒྱུད་བོད་མི་རྣམས་དཔལ་ན་ལེནྜའི་ཆོས་བརྒྱུད་འཛིན་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་།
དེ་རིང་ཞོགས་པར་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བོད་མི་གཞོན་སྐྱེས་ཚོ་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མི་མང་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་གནང་སོང་ལ། དེ་རིང་བཀའ་ཆོས་ཀྱི་སྟ་གོན་ཐོག་༧མགོན་པོ་མཆོག་གིས། བོད་ཕྲུག་རྣམས་ཀྱིས་ངེས་པར་དུ་ཚད་མ་རིག་པའི་འགྲོ་སྟངས་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ནི་ཆོས་དད་ཡིན་མིན་གྱི་སྐད་ཆ་ཞིག་མིན་སྐོར་གསུངས་སོང་།
༧མགོན་པོ་མཆོག་གིས་རྟེན་འབྲེལ་བསྟོད་པ་ལྗགས་ཀློག་མཛད་སྐབས། བཅོམ་ལྡན་འདས་སྐུ་ངོ་མར་མཇལ་ནས་བདག་མེད་པའི་ལྟ་བའི་རྟེན་འབྱུང་དེ་ཁོ་ན་ཉིད་ང་ཚོས་ཐོས་ཡོད་པ་མ་རེད་དེ། ཁོང་གི་ལེགས་བཤད་གསུངས་བཞག་པ་དེ་དག་ང་ཚོའི་བོད་ཡིག་ལ་ཆ་བཞག་ན། བཀའ་འགྱུར་པོ་ཊི་བརྒྱ་ལྷག་དང་བསྟན་འགྱུར་པོ་ཊི་ཉིས་བརྒྱ་ལྷག་བཅས་ཁྱོན་བཀའ་འགྱུར་བསྟན་འགྱུར་པོ་ཊི་སུམ་བརྒྱ་ལྷག་ཡོད་པ་དེ་དག བཅོམ་ལྡན་འདས་ཁོང་རང་གི་གསུང་དང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་དེ་དག་གིས་གསུངས་བཞག་པའི་གསུང་རྣམས་ཚུར་བོད་ཡིག་ལ་བསྒྱུར། དེ་དཔེ་རྩ་ཆེན་པོ་རེད་བཞག ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུང་ས་བསྐྱོན་རྗེས་ལྷ་སའི་གཙུག་ལག་ཁང་གི་ཐུབ་པའི་དབང་པོ་དེ་རྒྱ་ནག་ནས་རྒྱ་བཟས་གདན་འདྲེན་ཞུས་པ་རེད། རེད་དེ་ང་ཚོ་བོད་པ་ཡིན་པའི་ཆ་ནས་ང་ཚོར་བོད་ཡིག་དགོས་ཀྱི་འདུག རྒྱ་ཡིག་འགྲིག་གི་མི་འདུག་ཟེར་ནས། དཔེ་གྱོང་པོ་རེད་བཞག ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་བཟོས། སོ་སོར་བོད་ཡིག་ཅིག་ཡོད་པའི་ཆ་ནས་ཁྲི་སྲོང་ལྡེ་བཙན་ཕེབས་པའི་ཁ་གཏུག་དེར། མཁན་ཆེན་ཞི་བ་འཚོ་གདན་ཞུས་གནང་ཡོང་དུས་ཁྱེད་རང་ཚོར་བོད་ཡིག་འདུག དཔེ་ཆ་བསྒྱུར་རྒྱུ་མ་གཏོགས་ཡི་གེ་གསར་བ་བཟོ་དགོས་ཀྱི་མི་འདུག་ག དེ་དག་དཔེ་རེད་འདུག བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ངས་ནམ་རྒྱུན་དེ་བཤད་ཀྱི་ཡོད། སློབ་དཔོན་ཀ་མ་ལ་ཤཱི་ལ་མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་རེད། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་ཁྱེད་རང་ཚོར་བོད་ཡིག་འདུག་ག ད་དཔེ་ཆ་བསྒྱུར་རྒྱུ་མ་གཏོགས་གཞན་རྙོག་དྲ་གང་ཡང་མི་འདུག དེ་འདྲ་གསུངས་ཡོད་པ་རེད། དེ་ནས་མཁན་ཆེན་ཞི་བ་འཚོས་དགེ་ཕྲུག་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་ལ་གདན་ཞུ་གནང་ནས། དེ་དུས་རྒྱ་ནག་གི་སྒོམ་ཆེན་པ་དེ་འདྲ་མང་པོ་ཡོད་པ་རེད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དཀྱིལ་ལ་བཞུགས། རྒྱ་མི་སྒོམ་ཆེན་པ་ཚོ་ཕྱོགས་གཅིག་ལ་བཞུགས། སློབ་དཔོན་ཀ་མ་ལ་ཤཱི་ལ་ཕྱོགས་གཅིག་ལ་བཞུགས་རྗེས་བགྲོ་གླེང་གནང་བ་རེད། བགྲོ་གླེང་གནང་དུས་རྒྱ་མི་སྒོམ་ཆེན་པར་སྒོ་བརྒྱག་རྒྱུ་མ་གཏོགས་གཞན་ཞེ་པོ་བཤད་རྒྱུ་མེད་པ་རེད། ཀ་མ་ལ་ཤཱི་ལ་དབུ་མ་པ་དང་ཚད་མ་པ་རེད། མཁས་པ་ཞེ་དྲགས་རེད། དེ་ནས་བགྲོ་གླེང་གནང་ནས་རྩོད་པ་རྩོད་ཡོང་དུས། རྒྱ་ཡི་སྒོམ་ཆེན་པ་ཕམ་པ་རེད། དེ་ནས་ཆོས་རྒྱལ་གྱིས་རྒྱའི་སྒོམ་ཆེན་པ་ཚོ་རྒྱ་ནག་ལ་ཐད་ན་འགྲིག་གི་འདུག ང་ཚོ་བོད་པ་ཚོར་སློབ་དཔོན་ཀ་མ་ལ་ཤཱི་ལའི་ན་ལེནྜའི་ཆོས་བརྒྱུད་རིག་པ་བཏང་ནས་དཔྱད་པ་བྱ་རྒྱུ་དེ་རན་པ་འདུག དེ་གྱོང་པོ་ཞེ་དྲགས་རེད། དེ་ནས་རྒྱ་ཡི་མཁན་པོ་ཚོར་ good bye ཟེར་ནས་རྒྱ་ནག་ལ་ཐད་པ་རེད།
མུ་མཐུད་༧གོང་ས་མཆོག་གིས། དེ་སྔ་ཡིན་ན་བོད་ལ་ང་ཚོ་དཔེ་ཆ་ལྟ་མཁན་ཚོས་ཉུང་མཐའ་ལ་ལོ་ ༣༠ ཙམ་དཔེ་ཆ་ལྟ་གི་ཡོད་པ་རེད། དེ་རིང་ཁ་སང་ང་ཚོ་རྒྱ་གར་དུ་སླེབས་ཡོང་དུས་བོད་ཀྱི་མཁས་པ་ནང་བཞིན་གཏིང་ཟབ་པོ་ཡོད་བསྡད་པ་ཧ་ལམ་མི་འདུག་ག ནང་པའི་ལུང་པ་མང་པོ་ཡོད་རེད་དེ། ཡིན་ནའང་ང་ཚོ་སྐད་ཆ་བཤད་བགྲོ་གླེང་བྱེད་པའི་ཁ་ཐུག་ལ་བོད་པའི་ནང་པ་ཚོས་ལོ་མང་པོར་དཔེ་ཆ་སྦྱངས་ནས་ཡོང་བ་ཡིན་དུས། གཞན་དང་མི་འདྲ་བ་ཞིག་འདུག ང་ཡང་ཆུང་ཆུང་སྒང་ལ་ལོ་ ༦ དང་ ༧ ནས་བློ་རིགས་རྟགས་རིགས་ཟེར་བ་དེ་ཚོར་བལྟས། དེ་ནས་ལོ་བཅུ་གྲངས་ནས་རྟགས་གསལ་བསླབས་པ་རེད། དེ་དུས་རྩེད་མོ་རྩེ་རྒྱུ་མ་གཏོགས་དཔེ་ཆ་སློབ་རྒྱུར་དོ་སྣང་གང་ཡང་མེད། དེ་ནས་ག་ལེར་ག་ལེར་འདི་འདྲ་སླེབས་ཡོང་དུས། དེ་སྔ་དཔེ་ཆ་བསླབས་པ་དེ་ཚོ་ཞེ་པོ་ཞིག་བཀའ་དྲིན་ཆེན་པོ་རེད་འདུག རྐང་དཔེ་ཆ་འཁྲིད་མཁན་དེ་གླིང་རིན་པོ་ཆེ་རེད། བཀའ་དྲིན་ཆེན་པོ་ཞེ་པོ་ཞིག་ཡིན། ང་ཚོ་བོད་ལ་སློབ་སྦྱོང་གཏིང་ཟབ་པོ་དེ་འདྲ་ཞིག་ཡོད་བསྡད་པ་འདི་ཕལ་ཆེར་འཛམ་བུ་གླིང་གི་ལུང་པ་གང་ས་གང་ལ་མེད་པའི་བཟོ་ལྟ་བུ་རེད། བོད་གཅིག་པུ་རེད་བཞག དེ་རིང་ཁ་སང་ཡིན་ནའང་། ང་ཚོ་བཙན་བྱོལ་བ་བྱས་ནས་ཡོད་རེད་དེ། གདན་ས་ཚོ་རྒྱ་གར་ལྷོ་ཕྱོགས་ལ་ཚུགས་བསྡད་ཡོད་རེད། དཔེ་ཆ་ལྟ་རྒྱུ་ཡག་པོ་ཞེ་དྲག་འདུག བྱས་ཙང་དེ་རིང་ཁ་སང་ཚན་རིག་པའི་ནང་ལ་སེམས་ཁམས་རིག་པ་བཤད་དུས། བོད་ཀྱི་མཁས་པ་ལ་གཏུག་རྒྱུར་དགའ་མོས་ཞེ་དྲག་བྱེད་ཀྱི་འདུག་ག སེམས་ཁམས་རིག་པ་ང་ཚོས་བཤད་པ་ནང་བཞིན་པཱ་ལི་གཞུང་དང་དེ་ཚོའི་ནང་ཡོད་པ་མ་རེད། གང་ལྟར་ང་ཚོའི་བོད་ཡིག་གི་གཞུང་དེ་དག་ཞེ་པོ་ཡག་པོ་རེད་བཞག དེར་བརྟེན། ངས་རྩེད་མོ་རྩེ་གིན་རྩེ་གིན་དཔེ་ཆ་ཏོག་ཙམ་ཏོག་ཙམ་བཀླགས། དེ་ནས་རྒན་དངོས་གྲུབ་ཚོགས་གཉིས་གཙོ་བོར་གྱུར་བའི་མཚན་ཞབས་ཚོས་རྟགས་གསལ་བཏང་། ངས་དཔེ་ཆ་ཏོག་ཙམ་ཤེས་རྒྱུ་དེ་འདྲ་བྱས་ནས་བྱུང་བ་རེད། མཚན་ཞབས་ཚོའི་ནང་ལོགས་ལ་བློ་གསལ་གླིང་མཚན་ཞབས་དང་སྒོ་མང་མཚན་ཞབས། བདེ་ཡངས་མཚན་ཞབས། དེ་ནས་སེ་ར་བྱེས་ཀྱི་མཚན་ཞབས་དང་སེ་ར་སྨད་ཀྱི་མཚན་ཞབས། དེ་ནས་དགའ་ལྡན་ཤར་བྱང་གི་མཚན་ཞབས་བཅས་མཚན་ཞབས་བདུན་བརྒྱད་ཡོད་པ་རེད། དེའི་ནང་ནས་བདེ་ཡངས་དཔེ་ཆ་ཏོག་ཙམ་སྐྱོ་གི་རེད། ང་སྐྱིད་པོ་ཞེ་དྲག་ཡོད། བདེ་ཡངས་མཚན་ཞབས་ལ་མགོ་སྐོར་ཏོག་ཙམ་བཏང། རྟགས་གསལ་རིགས་པ་ཏོག་ཙམ་བཏང་ནས་ང་ཐོབ་ཀྱི་ཡོད། བྱས་ཙང་ང་སྐྱིད་པོ་ཡོད་རེད། ང་ལ་རྟགས་གསལ་སློབ་མཁན་དངོས་གྲུབ་ཚོགས་གཉིས་གཙོ་བོ་རེད། ང་གྲྭ་སྐོར་ཕྱིན་པའི་ཁ་ཐུག་ལ་རྟགས་གསལ་དེ་འདྲ་གཏོང་ན་ཡག་པོ་འདུག་བྱས་ནས་གཞུང་གི་ཚིག་མར་བཀོད་ནས་རྟགས་གསལ་བསླབས་པ་རེད། ཞེ་དྲག་བཀའ་དྲིན་ཆེན་པོ་ཡིན། དེ་ནས་ལྷ་སའི་སྨོན་ལམ་གྱི་དམ་བཅའ་བཞག་རེད། གང་ལྟར་ང་དགེ་བཤེས་ཤིག་ཆགས་ཡོད་པ་རེད། དེར་བརྟེན། དེའི་ཐུགས་རྗེ་བཀའ་དྲིན་གྱིས་འདི་བར་སེམས་ཁམས་རིག་པའི་སྐོར་དང་ཚན་རིག་སོགས་རིགས་པས་བརྟག་དཔྱད་བྱ་རྒྱུ་སྐོར་བཤད་དུས་ངའི་ཀླད་པ་དེ་སྐྱོ་པོ་ཁྱོན་ནས་མི་འདུག སློབ་སྦྱོང་བྱས་པ་རེད་པ། ཞེ་པོ་ཁྱད་པར་འདུག རྙོག་དྲ་ཚ་པོའི་སྐོར་དེ་འདྲ་སླེབས་དུས་སྐྱབས་སུ་མཆི་ཟེར་ནས་བསྡད་རྒྱུ་མེད་པར་དེ་འདྲ་བསམ་བློ་བཏང་ནས་རྒྱུ་མཚན་བཀོད་ནས་བཤད་རྒྱུ་དེར་ང་ཨོ་ཙམ་ཡོད་རེད་ཅེས་གསུངས་སོང་།
ནང་ཆོས་སྦྱོང་རྒྱུར་ངེས་པར་དུ་གྲྭ་ཆས་གྱོན་མི་དགོས་པའི་སྐོར་ལ་༧གོང་ས་མཆོག་གིས། ཁྱེད་རང་ཚོ་བོད་པའི་ཕྲུ་གུ་ཚོས་ཡིན་གཅིག་མིན་གཅིག་གྲྭ་པ་བྱེད་དགོས་ཀྱི་མ་རེད། སྐྱ་སེར་ཁྱད་ཡོད་པ་མ་རེད། དཔེ་ཆ་ཏོག་ཙམ་ལྟོས། ང་ཚོ་སྟོན་པའི་རྗེས་འབྲང་བ་རེད། ང་ཚོ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སློབ་མ་ཆགས་སྡོད་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་དཔེ་ཆ་བལྟ་རྒྱུ་དེ་དཔེ་གལ་ཆེན་པོ་རེད། དཔེ་ཆར་བལྟ་བར་གྲྭ་པ་བྱེད་དགོས་ཀྱི་མ་རེད། སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་དཔེ་ཆ་སྐོར་ལ་མང་ཙམ་ལྟོས། ང་ཚོའི་ཆོས་དགེ་དེ་ཚོ་ཡོད་པ་རེད། ཆོས་དགེ་ཚོས་དཔེ་ཆ་ཧུར་ཐག་བྱས་ནས་འཁྲིད་དགོས་རེད། ང་འདིར་རྒྱ་གར་ལ་སླེབས་ཙམ་ལ། ང་ཚོ་བོད་པ་ལ་བོད་ཡིག་ཡོད་པར་བརྟེན། བོད་པའི་སློབ་གྲྭ་ནང་ལོགས་ལ་བོད་སྐད་ཡིན་གཅིག་མིན་གཅིག་སློབ་དགོས་ཀྱི་འདུག་ཅེས་ངས་ནེ་རུ་ལ་ཞུས་པ་རེད། ནེ་རུས་རྦད་དེ་རྒྱབ་སྐྱོར་གཙང་མ་གནང་བྱུང་། དེ་ནས་ཤེས་རིག་བློན་ཆེན་ཤྲི་མ་ལི་ཡོད་པ་རེད། ང་ཚོ་ཁ་ལག་ཡོད་ས་ལ་ནེ་རུས་གསལ་པོ་གསུངས་བྱུང་། བོད་པའི་ཕྲུ་གུ་ཚོར་བོད་ཡིག་ཡིན་གཅིག་མིན་གཅིག་གིས་སློབ་དགོས་ཀྱི་རེད་ད། དེ་ལྟར་ང་ཚོ་བོད་པའི་མི་རིགས་འདི་ཆོས་རྒྱལ་སྐབས་ནས་བསམ་བློ་བཏང་ན། ང་ཚོའི་མི་རིགས་འདི་རླབས་ཆེན་ཞིག་རེད་བཞག དེ་ནས་དཔེ་ཆ་བལྟས་ནས་དགེ་བཤེས་དེ་ཚོ་ཧ་ལས་པའི་མཁས་པ་རེད། ང་ཡང་དགེ་བཤེས་ཤིག་ཡིན་པའི་སྐད་ཆ་རེད། དེ་ལྟར་ང་ཚོ་བོད་ཀྱི་རིག་གཞུང་དང་། གཙོ་བོ་དཔལ་ན་ལེནྜའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་སྐོར་དང་། དེ་དང་འབྲེལ་ནས་ཚན་རིག་དང་གང་ས་གང་ལ་རིགས་པས་དཔྱད་པ་བྱ་རྒྱུ་ཞིག་ང་ཚོར་ཡོང་གི་ཡོད་པ་རེད། དེར་བརྟེན་ཚན་རིག་པ་མཁས་པ་དེ་འདྲ་ང་ལ་མང་པོ་ཐུག་གི་ཡོད་པ་རེད། ང་ཚོས་རིགས་པའི་ཐོག་ནས་དཔྱད་ཡོང་དུས། འགལ་འདུ་དེ་འདྲ་ཡོང་དུས་ཁོ་ཚོར་འདི་ཡིན་ན་དེ་ཡིན་དགོས་པ་རེད་ལབ་དུས་ཁ་ཁར་སྡོད་ཀྱི་འདུག ང་ཚོའི་རིགས་པ་དེ་ཞེ་པོ་རེད་བཞག མཚན་ཉིད་སློབ་རྒྱུ་དེ་ཞེ་པོ་རེད་བཞག དེར་བརྟེན་ང་ཚོའི་བོད་པའི་ཕྲུ་གུ་ཚོ་ཡིན་གཅིག་མིན་གཅིག་ཚད་མ་རིག་པའི་འགྲོ་སྟངས་དེར་དོ་སྣང་བྱེད་དགོས་ཀྱི་རེད། ཤེས་སོང་ངམ། རིགས་ལམ་ཐོག་ནས་སྐད་ཆ་ཤོད་རྒྱུ་དེ་ཡིན་གཅིག་མིན་གཅིག་ཆོས་དད་ཀྱི་སྐད་ཆ་མ་རེད། ཆོས་དད་མེད་མཁན་ཞིག་ཡིན་ནའང་འདི་རིགས་བཤད་དགོས་པ་རེད་འདུག སོ་སོའི་མི་ཚེ་སྐྱེལ་རྒྱུ་དང་ལས་ཀ་བྱེད་རྒྱུ་སོགས་ཀྱི་ཐོག་ལ་མཚན་ཉིད་པའི་རིགས་པ་ཞེ་པོ་ཞིག་ཕན་ཐོགས་ཡོད་པ་རེད། འདི་ཁྱེད་རང་ཚོའི་སེམས་ནང་ངེས་པ་བྱོས་ཨ། ཤེས་སོང་ངམ། ཞེས་བཀའ་སློབ་སྩལ་སོང་།
གསར་འགོད་པ། པ་སངས་ཚེ་རིང་།