རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ ༤༧ ནས་བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་གང་མགྱོགས་གདོན་དགོས་པའི་རེ་སྐུལ་གནང་འདུག་ཀྱང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་མི་ཤེལེ་བྷཤེ་ལེཌི་ཡིས་གང་མགྱོགས་གདོན་རྒྱུ་མིན་སྐོར་བརྗོད་འདུག
ཁ་སང་ཕྱི་ཚེས་ ༡༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ལྔ་བཅུ་པའི་ཐོག ཡུ་རོབ་ཀྱི་རྒྱལ་ཁབ་ནེའུ་ཌར་ལེན་ཌིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཆེན་མོ་པོལ་བྷེ་ཀར་སི་ (Paul Bekkers) ཡིས་རྒྱལ་ཁབ་ ༤༧ གྱི་ཚབ་བྱས་ཏེ། རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་(ཤིན་ཅང་) དང་ཧོང་ཀོང་། བོད་བཅས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པ་དང་། ཡུན་རིང་ངང་སྒུག་བྱེད་བཞིན་པའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་འཕྲལ་དུ་འགྲེམས་སྤེལ་བྱ་དགོས་པའི་རེ་སྐུལ་ཞུས་ཡོད་འདུག
རྒྱལ་ཁབ་ ༤༧ གྱི་མཉམ་འབྲེལ་བསྒྲགས་གཏམ་དེའི་ནང་། ང་ཚོ་སྔར་མུས་བཞིན་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད། ཚད་ལྡན་ཁུངས་འཕེར་གྱི་ཉམས་ཞིབ་དང་གནས་ཚུལ་ལ་གཞིགས་ན་མི་ས་ཡ་གཅིག་ལྷག་གང་བྱུང་བཀག་ཉར་བྱས་ཡོད་འདུག དེ་བཞིན་གཞི་རྒྱ་ཆེ་བའི་དོགས་ཟོན་ལྟ་རྟོག་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་དབྱེ་འབྱེད་བྱེད་བཞིན་པའི་གནས་ཚུལ་ཐོན་གྱིན་འདུག་ལ། ཡུ་གུར་ཀྱི་རིག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གིས་མཚོན་པའི་གཞི་རྩའི་རང་དབང་ཁག་ལོངས་སུ་སྤྱོད་རྒྱུར་བཀག་སྡོམ་ཤུགས་ཆེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ང་ཚོ་བློ་འཚབ་སྐྱེ་ཡུལ་གཞན་ནི། མགོ་འཁྲིད་ཚོས་མནར་གཅོད་དང་མི་ཚུལ་ལས་འགལ་བའི་གདུག་རྩུབ་ཅན་གྱི་ཉེད་ཆད་གཅོད་བཞིན་པ་དང་། བཙན་དབང་གིས་སྐྱེས་མ་རྣམས་ཀྱི་བུ་སྐྱེད་ནུས་པ་མེད་པར་བཟོ་བ་དང་། ཚུལ་མིན་འཁྲིག་སྤྱོད་དང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་བྱེད་པ། དེ་བཞིན་བཙན་གྱིས་ངལ་རྩོལ་དུ་བཀོལ་བ་དང་། ཕྲུ་གུ་རྣམས་རང་གི་ཕ་མའི་ས་ནས་ཁ་བྲལ་གཏོང་བ་བཅས་ཀྱི་གནས་ཚུལ་ཐོན་བཞིན་པ་རེད། ཅེས་དང་། ང་ཚོ་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཉམས་དམས་སུ་འགྲོ་བཞིན་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་བློ་འཚབ་ཆེན་པོ་ཡོད། ཅེས་བརྗོད་ཡོད་འདུག
ཟླ་བ་སྔོན་མར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་མི་ཤེལེ་བྷཤེ་ལེཌི་(Michelle Bachelet) བདུན་ཕྲག་གཅིག་ལྷག་གི་རིང་རྒྱ་ནག་ཏུ་གཞུང་འབྲེལ་སྐོར་སྐྱོད་དུ་ཕྱིན་ཡོད་ཀྱང་། སྐོར་སྐྱོད་ཀྱི་སྔ་རྗེས་བར་གསུམ་དུ་རྒྱ་ནག་ལ་དངོས་ཤུགས་བརྒྱུད་གསུམ་ནས་བོད་དང་ཡུ་གུར། ཧོང་ཀོང་དང་རྒྱ་ནག་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ནས་གླེང་སློང་མ་བྱས་པ་མ་ཟད། སྐོར་སྐྱོད་སྐོར་གྱི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་མ་བྱས་པའི་རྐྱེན་གྱིས་རྒྱལ་སྤྱིའི་ཐོག་ཁོ་མོར་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། ཉེ་སྔོན་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་མཉམ་འབྲེལ་ཐོག་ཁོ་མོ་རྒྱལ་ཚོགས་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གྱི་རྐུབ་བཀྱག་ནས་མར་འབབ་དགོས་པའི་སྐུལ་འདེད་དང་ལས་འགུལ་སྤེལ་མུས་ཡིན་པ་རེད།
མི་ཤེལེ་བྷཤེ་ལེཌི་ཡི་སྐོད་སྐྱོད་དེ་ནི་ཕྱི་ལོ་ ༢༠༠༥ ནས་བཟུང་འདས་པའི་ལོ་ངོ་ ༡༧ རིང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཞིག་རྒྱ་ནག་ཏུ་བསྐྱོད་པ་ཐེངས་དང་པོ་ཡིན་ཞིང་། ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་ཁབ་ ༤༧ གྱི་མཉམ་འབྲེལ་བསྒྲགས་གཏམ་ནང་དུའང་། ང་ཚོས་ཉེ་སྔོན་ཁྱེད་རང་ཤིན་ཅང་ཚུད་པའི་རྒྱ་ནག་ནང་བསྐྱོད་པ་དེ་དང་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་གྱི་བསྒྲགས་གཏམ་དེར་བསྔགས་བརྗོད་ཞུ་ཡི་ཡོད། སྐོར་སྐྱོད་དེས་རྒྱ་ནག་གི་མགོ་འཁྲིད་ཚོ་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐོག་གླེང་མོལ་བྱ་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་པ་རེད། ང་ཚོས་སྐོད་སྐྱོད་རིང་རྒྱ་ནག་གི་མགོ་འཁྲིད་ཚོས་ཚོད་འཛིན་ཇི་བྱས་དང་ཁྱེད་རང་ལ་འདོད་མོས་ཡོད་པའི་ཚོགས་སྡེ་དང་ས་ཁུལ་ཁག་ལ་འགྲོ་སྐྱོད་བྱ་རྒྱུར་བཀག་སྡོམ་བྱས་མིན་གྱི་གནས་ཚུལ་ཅུང་ཞིབ་པ་ཤེས་འདོད་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་པ་མ་ཟད། ལྷན་ཚོགས་ཀྱི་ཚོགས་དུས་ ༤༨ ཐོག་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་གདོན་རྒྱུའི་ཁས་ལེན་བྱས་པ་གཞིར་བཟུང་། སྙན་ཐོ་དེ་གང་མགྱོགས་གདོན་རྒྱུའི་རེ་སྒུག་ཞུ་བཞིན་ཡོད་པ་དང་། བྱུང་ན་སྙན་ཐོ་ནམ་ཞིག་ལ་ཐོན་མིན་ཐད་གསལ་བཤད་དགོས་པའི་སྐུལ་འདེད་བྱས་ཡོད་འདུག
རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་རྣམས་ཀྱིས་བཤད་པ་ལྟར་ན། མང་པོས་ངང་སྒུག་བྱེད་བཞིན་པའི་ཞིབ་འཇུག་སྙན་ཐོ་དེ་ཉིད་བསྒྲིགས་ཟིན་ཏེ་གདོན་ཆོག་ཆོག་ཡིན་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་མི་ཤེལེ་བྷཤེ་ལེཌི་ཡིས་རང་ཉིད་ལྷན་ཚོགས་ཀྱི་འགན་འཛིན་གྱི་འོས་བསྡུའི་ནང་བསྐྱར་ཞུགས་བྱ་རྒྱུ་མིན་པ་དང་། སྙན་ཐོ་དེ་ཉིད་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་འགན་འཛིན་གྱི་ལས་གནས་མ་འཕོས་གོང་ཙམ་ལ་འགྲེམས་སྤེལ་བྱ་རྒྱུ་ཡིན་སྐོར་བཤད་འདུག
ཁ་སང་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱལ་ཁབ་མང་པོས་ཤར་ཊུར་ཀི་སི་ཐན་གྱི་གནས་སྟངས་ཐད་བློ་འཚབ་ཡོད་པའི་གཏམ་བཤད་སྤེལ་ཡོད་པ་ལྟར། རྒྱ་ནག་གི་རྒྱལ་ཚོགས་སྐུ་ཚབ་ཁྲིན་ཞོ་ (Chen Xu) ཟེར་བ་དེས་ཁོང་ཁྲོ་དང་བཅས། ནེའུ་ཌར་ལེན་ཌི་གཙོས་པའི་རྒྱལ་ཁབ་གཞན་ཚོས་རྒྱ་ནག་ལ་རྒོལ་རྡུལ་གཏོང་ཆེད་རྫུན་གཏམ་དང་འཁྱལ་གཏམ་སྤེལ་བཞིན་པར་ངོ་རྒོལ་ཡོད་ཚུལ་དང་། བསྒྲགས་གཏམ་ནང་བཤད་པའི་གནད་དོན་རྣམས་ལ་ངོས་ལེན་བྱེད་ཐབས་མེད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། མི་ཤེལེ་བྷཤེ་ལེཌི་ཡི་རྒྱ་ནག་གི་སྐོར་སྐྱོད་དེས་ཁོ་མོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་གནས་སྟངས་ཤེས་སུ་བཅུག་ཡོད་པ་མ་ཟད། ཤར་ཊུར་ཀི་སི་ཐན་དང་འབྲེལ་བའི་སྙན་ཐོ་དེ་ཉིད་འགན་འཛིན་ལས་དོན་གཉེར་ཕྱོགས་དང་ཁྲིམས་སྲོལ་དང་འགལ་བ་ཡིན་པས་ནམ་ཡང་གདོན་རྒྱུ་མེད་སྐོར་བརྗོད་ཡོད་འདུག རྒྱ་ནག་གི་རྒྱབ་སྐྱོར་གྱི་ཚུལ་དུ་བྱང་ཀོ་རི་ཡ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་བྷེ་ལེ་རུ་སི་ (Belarus)། ཨ་རིའི་ལྷོ་ཕྱོགས་ཁྱིམ་མཚེས་གླིང་ཕྲན་རྒྱལ་ཁབ་ཁྱུ་བྷ་ (Cuba)། ལྷོ་ཨེ་མི་རི་ཁ་གླིང་ཕྲན་གྱི་རྒྱལ་ཁབ་ཝེ་ནེ་ཛུ་ལ་ (Venezuela) བཅས་ཀྱིས་ཀྱང་སྙན་ཐོ་གདོན་རྒྱུར་དགག་བྱ་བྱས་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།