ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ནས་བཟུང་བོད་ནག་ཆུ་ས་ཁུལ་གྱི་འབྲོག་རྫོང་ཆེན་མོ་གསུམ་ཏེ་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་། ཉི་མ་རྫོང་བཅས་ནས་དུད་ཁྱིམ་ ༦༣༠༦ གི་མི་གྲངས་ཁྲི་ ༢(༢༦༣༠༤)ལྷག་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་སོགས་སུ་གནས་སྤོ་གཏན་སྡོད་བྱེད་དུ་འཇུག་གི་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བས་དུས་སྐབས་གཉིས་པའི་གནས་སྤོ་གཏན་སྡོད་ཀྱི་འཆར་གཞིའི་འོག བོད་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་། ཉི་མ་རྫོང་བཅས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༤༥༠༠ ལྷག་གི་མཐོ་སྒང་དུ་གནས་སྡོད་བྱེད་བཞིན་པའི་ཁྱོན་དུད་ཁྱིམ་ ༦༣༠༦ གི་འབྲོག་མང་ཁྲི་ ༢(༢༦༣༠༤)ལྷག་ས་བབ་མཐོ་ཚད་སྨི་༣༦༠༠ཡིན་པའི་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་སོགས་སུ་གནས་སྤོ་གཏན་སྡོད་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། མིག་སྔར་གནས་སྤོ་ཐུབ་པའི་འབྲོག་མང་ཁྲི་གཅིག་(༡༧༥༥༥)ལྷག་ཟླ་འདིའི་ཕྱི་ཚེས་ ༢༥ ནས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༡ བར་ལག་བསྟར་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག
རྫོང་སྲིད་གཞུང་གི་གནས་སྤོའི་བརྗོད་དོན་དང་གྲོང་ཚོའི་བྱེད་ཕྱོགས་ལྟར་འབྲོག་མང་དེ་དག་གྲོང་སྡེ་ ༡༢ ཡི་སྲིད་འཛིན་གྲོང་སྡེ་ ༥༨ ནས་ཡིན་པ་དང་། ད་ལན་གྱི་གནས་སྤོའི་ཁོངས་སུ་ཉི་མ་རྫོང་གི་དུད་ཁྱིམ་ ༡༣༦༨ ནས་མི་གྲངས་ ༤༡༠༥ དང་། མཚོ་གཉིས་རྫོང་ཁོངས་ཀྱི་དུད་ཁྱིམ་ ༢༣༩༦ ནས་མི་གྲངས་ ༤༤༤༢། ཨ་མདོ་རྫོང་ཁོངས་ཀྱི་དུད་ཁྱིམ་ ༢༥༤༢ ནས་མི་གྲངས་ ༥༠༢༢ བཅས་གནས་སྤོ་ཡི་ཡོད་འདུག འབྲོག་མང་གནས་སྤོའི་ལས་གཞི་ལག་བསྟར་ཆེད་རྫོང་རིམ་པའི་ལས་བྱེད་པ་ ༨ དང་། ཉེན་རྟོག་ལས་བྱེད་དང་ཉེན་རྟོག་པ་ ༣༤། མི་མང་གི་འཚོ་གནས་ཐད་འབྲེལ་གྱི་ལས་བྱེད་ ༨ སོགས་ཁྱོན་སྲིད་གཞུང་གི་ལས་བྱེད་ ༣༩༨༦ བཀོད་སྒྲིག་བྱས་ཡོད་སྐོར་བསྒྲགས་འདུག
ད་ལྟའི་དུས་སུ་བོད་ཁུལ་གྱི་འབྲོག་མང་ཐམས་ཅད་ཆེས་བྲེལ་བ་ཆེ་བའི་དུས་སྐབས་ཤིག་ཡིན་པ་རེད། རུ་བ་དགུན་ས་ནས་དབྱར་སར་སྤོ་བ་དང་། འོ་མ་བཞོ་བ་དང་ཕྱུགས་རིགས་འཕེལ་ཁ་རྒྱས་པ། དེ་བཞིན་དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་སྣ་མང་འཐུ་བའི་དུས་སྐབས་ཡག་ཤོས་ཤིག་ཡིན་པར་བརྟེན། ནག་ཆུ་ས་ཁུལ་གྱི་འབྲོག་མང་གནས་སྤོའི་ལས་གཞིའི་ཁྲོད་སྔ་ནུར་དང་ཕྱི་ནུར་གྱི་གནས་སྟངས་ཀྱང་ཆགས་ཀྱི་ཡོད་སྐོར་བརྗོད་འདུག
ཡང་གཞུང་འབྲེལ་གྱི་གནས་ཚུལ་དེའི་ནང་། མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་དང་སྐྱེས་ཁམས་ལ་གནོད་འཚེ་གཏོང་བ་འགོག་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ངོ་ ༨ ཀྱི་དུས་ཡུན་བེད་སྤྱད་དེ། གཞིས་ཀ་རྩེ་དང་ནག་ཆུ། མངའ་རིས་བཅས་ས་ཁུལ་ཆེན་མོ་གསུམ་ནས་རྫོང་ཁག་༢༠དང་། ཡུལ་ཚོ་༩༧གྱི་མི་གྲངས་ཁྲི་ ༡༣ ལྷག་ས་བབ་མཐོ་ས་ནས་དམའ་སར་གནས་སྤོ་བྱེད་པའི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་ལ། འདི་ལོའི་ཕྱི་ཟླ་༣པའི་ནང་། རྒྱ་ནག་གཞུང་ཕྱོགས་ཀྱི་དྲ་ལམ་དུ། བོད་སྟོད་ལུང་བདེ་ཆེན་ནས་འབྲོག་མང་༡༢༦༨གནས་སྤོ་བྱས་ཚར་བའི་གནས་ཚུལ་བསྒྲགས་སོང་།
རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཡུལ་ལུང་གང་སར་རང་མགོ་རང་ཐོན་གྱིས་མི་རབས་མང་པོར་འཚོ་སྡོད་བྱེད་བཞིན་པའི་བོད་མི་སྤྱི་དང་། ལྷག་པར་དུ་འབྲོག་མི་རྣམས་སྟངས་འཛིན་དོ་དམ་བྱེད་བདེ་བོ་མེད་པའི་གནས་སྟངས་འོག མི་མང་གི་འཚོ་བ་ཡར་རྒྱས་དང་འགྲོ་སྐྱོད་སྟབས་བདེ། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཟེར་བ་སོགས་ཀྱི་མིང་ཐོག་ནས་འདས་པའི་ལོ་མང་ནས་བཟུང་བོད་ཁུལ་གྱི་འབྲོག་ཁྱིམ་ཁྲི་སྟོང་མང་པོ་གྲོང་ཁྱེར་དུ་ཕབ་པ་དང་། དུད་ཁྱིམ་སྟོང་ཕྲག་དུ་མ་མཉམ་གཅིག་ཏུ་བསྡུས་ཡོད་པ་མ་ཟད། འཛུགས་སྐྲུན་གྱི་ཇུས་འགོད་ཚང་མ་སྲིད་གཞུང་གིས་བྱས་ཏེ་འགྲོ་སོང་ཆ་ཚང་ངམ་ཕྱེད་ཀ་མི་མང་རང་གིས་སྤྲོད་དགོས་པའི་ལས་གཞིའི་འོག་ཕྱི་ནས་བལྟས་ན་གྲལ་འགྲིག་པའི་སྡོད་ཁྱིམ་མང་པོ་བཟོས་དང་བཟོ་བཞིན་ཡོད་པ་རེད།
འབྲོག་སྡེ་ཁག་ས་གནས་གཞན་ལ་གནས་སྤོས་བྱེད་པ་འདིའི་ཕུགས་དམིགས་དང་འབྲོག་པ་ཚོར་མཁེ་གྱོང་སོགས་ལ་ཞིབ་འཇུགས་གནང་ནས་དངོས་ཡོད་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་ཐུབ་ན་མཁེ་ཕན་ཆེ་བ་ཡོང་རྒྱུ་ལས་གནས་ཚུལ་གསར་པ་ཚང་མ་ལ་ཡག་སྡུག་གི་འབྲེལ་བཤད་རྒྱབ་ཐུབ་པ་ཙམ་གྱི་ཕན་དང་གནོད་གང་དུ་འགྲོ་ཚོད་དཔག་དཀའ་བ་མ་རེད་དམ་།