ཆབ་མདོ་ངག་ཕུན།
ཁ་བ་གངས་ཅན་པ་ལ། །བཀའ་དྲིན་བླ་མེད་ཆེ་བའི།།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོ། །སྐུ་ཚེ་ཡུན་རིང་བརྟན་སྨོན།།
གངས་ལྗོངས་དཔའ་རྒོད་འཇིཌ་མེད། །འདས་གྲོངས་གྱུར་པ་ཐོས་པའི།།
གངས་ལྗོངས་དཔའ་རྒོད་ཁོང་ཉིད། །བདེ་འགྲོར་སྐྱེ་བར་སྨོན་ནོ།།
སྨོན་ཚིག་སྔུན་བསུ་སྟེ། དེ་རིང་ངས་སེམས་ཁོངས་ནས་མྱ་ངན་གྱི་རྗེས་དྲན་འདོད་པ་ནི། བོད་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་ཞིང་། དེ་ཡང་ངོ་དེབ་དང་། དྲ་རྒྱ་ཁག་ཏུ་བོད་ཀྱི་ཆབ་སྲིད་བཙོན་པ་བླ་བྲང་དགོན་པའི་དགེ་འདུན་པ་གྲྭ་འཇིགས་མེད་རྒྱ་མཚོ་ལགས། རང་ཁྱིམ་ནས་འདས་གྲོངས་གྱུར་པ་ཐོས་པ་དང་། དེ་བཞིན་རྒྱལ་གཅེས་པ་དཔའ་བོ་ཁོང་གི་ཞལ་ཆེམས་ཤིག་ཀྱང་བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་འདུག་ཅིང་། དེ་དག་ཐེངས་གཅིག་བཀླགས་པས་སེམས་ནང་དུ་སྡུག་བསྔལ་གྱིས་རང་དབང་མེད་པར་མིག་ཆུ་དབང་མེད་དུ་ཤོར་སོང་།
ལྷག་པར་མ་ཡུམ་གྱིས། “ལས་དེ་ནི་ཁྱོད་ཀྱི་དོན་དུ་མ་ཡིན་ལ། འུ་ཚང་གི་དོན་ནི་དེ་ལས་ཀྱང་མ་རེད། དེ་ནི་བོད་ཆོལ་ཁ་གསུམ་གྱི་དོན་དུ་ཡིན་པས་ངས་སེམས་ཁུར་བྱེད་ཀྱི་མེད། སེམས་ཁུར་བྱས་པ་ཡིན་ན་ཁྱེད་ཀྱི་བྱ་བ་ལ་བར་ཆད་བྱེད་རྒྱུ་རེད་བསམ་ནས་ངས་བླ་མ་དཀོན་མཆོག་ལ་སྐྱབས་འཇུག་ཞུ་རྒྱུ་ལས་སེམས་ཁུར་བྱེད་ཀྱི་མེད། སེམས་ཁུར་བྱས་ན་ཕན་ཐོགས་ཀྱི་མ་རེད། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྱོད་རང་ལ་ང་ཚོའི་མི་རིགས་ཀྱི་ལས་དོན་ནི་མི་རིགས་རང་གིས་བརྩོན་ལེན་བྱེད་དགོས། ཞེས་གསུངས་ཡོད་པཱ་སོགས་བཤད་སོང་།” ཞེས་པའི་གསུང་ཚིག་འདི་དག་ལས་དེ་འདྲའི་རླབས་ཆེན་གྱི་མ་ཡུམ་ཞིག་ཡིན་པ་འུ་ཚོའི་རྟོགས་ཐུབ་པ་རེད། ལྷག་དོན་གཞིས་བཞུགས་སྤུན་ཟླ་རྣམས་ཀྱིས་སེམས་ཁོངས་སུ་རེ་བ་དང་། སེམས་ཤུགས་དེ་འདྲ་ཞིག་འཁྱེར་ནས་ཉིན་མཚན་དུས་དྲུག་ཏུ་བོད་མི་རིགས་ཀྱི་བདེན་དོན་བརྩོན་ལེན་གནང་བཞིན་ཡོད།
མ་ཡུམ་ཁོང་ལ་ངས་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དངོས་གནས་ཁོང་གི་མ་ཡུམ་ནི་དེ་འདྲའི་ཁོག་རྒྱ་ཆེ་ཞིང་། བོད་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཇི་ཙམ་ཡོད་པ་རྟོགས་ཐུབ་པ་ཞིག་རེད། བོད་མི་རིགས་ལ་དེ་འདྲའི་མ་ཡུམ་ཞིག་ཡོད་པ་ནི་སྤོབས་པ་དང་གཟི་བརྗིད་གཅིག་མ་རེད་དམ། བོད་ཆོས་ལྡན་གྱི་ཞིང་ཁམས་རྒྱ་དམར་གྱིས་བཙན་བཟུང་བྱས་ཏེ་མི་ལོ་དྲུག་ཅུ་རེ་གསུམ་ལྷག་ཙམ་རིང་འཇམ་རྩུབ་གཉིས་ཀྱི་ལས་འགུལ་གདུག་རྩུབ་ཅན་སྣ་ཚོགས་སྤེལ་ཡོང་རུང་བོད་མི་རིགས་ཀྱི་སེམས་ཁམས་ལ་འགྱུར་བ་གཏན་ནས་གཏོང་ཐུབ་མེད། མ་འོངས་པ་ཡིན་ནའང་བོད་མི་རིགས་ཀྱི་སེམས་ཁམས་ལ་འགྱུར་བ་གཏན་ནས་གཏོང་མི་ཐུབ་པ་ཞིག་རེད། གཞིས་ལུས་སྤུན་ཟླ་རྣམས་རྒྱ་དམར་གྱི་བཙན་འོག་ཏུ་སྡུག་སྦྱོང་དང་མནར་གཅོད་དེ་ཙམ་མྱོང་བཞིན་ཡོད་རུང་། བོད་མི་རིགས་དང་རྒྱལ་ཁབ་ལ་གཅེས་པའི་ལུས་སྲོག་ཡོངས་རྫོགས་བློས་བཏང་གནང་རྒྱུར་ཐེ་ཚོམ་སྤུ་ཙམ་མེད། དེ་འདྲའི་རླབས་ཆེན་གྱི་མ་ཡུམ་ཞིག མ་ཡུམ་ཁོང་གི་བསླབ་བྱ་དེ་དག་འུ་ཚོའི་སེམས་ཁོངས་སུ་བཟུང་ནས་ལས་དོན་གནང་དགོས་པ་ཞིག་རེད། དེ་བཞིན་བོད་མི་རིགས་ཀྱི་དཔའ་རྒོད་ཁོང་གིས་ཞལ་ཆེམས་ལས། “ཡིན་ཡང་རང་དབང་མེད་པར་བཙན་འོག་ན་གནས་པའི་མི་རིགས་འདིའི་དཀའ་སྡུག་བསམ་བཞིན། ངས་མིག་ཆུ་ཁོག་ལ་བཞུར་བཅུག་ནས་འདུག་རྒྱུ་ལས་གཞན་བྱ་ཐབས་ཟད། འདི་ལྟ་བུའི་སྐྱོ་གདུང་གི་སྡུག་བསྔལ་མྱོང་བཞིན་པ་ནི། བོད་ཁམས་ཀྱི་ས་ཕྱོགས་གང་སར་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཞིག་ལས་ངེད་མ་བུ་གཉིས་གཅིག་པུར་ཕྲད་པ་ཞིག་ག་ལ་ཡིན།” ཞེས་གསུངས་དོན་ལྟར་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་རྒྱ་དམར་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་པ་ནས་བཟུང་སྟེ་བོད་མི་རིགས་ཀྱི་སེམས་ཁམས་ལ་ཉིན་གཅིག་ཀྱང་བདེ་བ་མེད་ཅེས་བརྗོད་ན་རྫུན་དུ་མི་གྱུར། དཀའ་སྡུག་གི་ལོ་ཟླ་དེ་དག་ནང་དུ་བོད་མི་རྣམས་འཇིགས་ཞུམ་མེད་པ་བོད་མི་རིགས་ཀྱི་བདེན་དོན་ཐོག་ཏུ་བརྩོན་ལེན་གནང་བཞིན་ཡོད། དམ་པ་ཁོང་རྒྱ་དམར་གྱིས་ཐེངས་བཞི་ཙམ་བཙོན་འཇུག་བྱས་ཏེ་མནར་གཅོད་ཚད་མེད་བཏང་རུང་ད་དུང་འཇིགས་ཞུམ་སྤུ་ཙམ་མེད་པའི་དཔའ་རྒོད་ཁོང་གིས་བོད་མི་རིགས་ཀྱི་བདེན་དོན་བརྩོན་ལེན་གནང་ཡོད། དེ་འདྲའི་རླབས་ཆེན་གྱི་མི་བུ་ཞིག བོད་མི་རིགས་ཀྱི་ལོ་རྒྱུས་ལ་འཕོ་འགྱུར་གང་འདྲ་ཞིག་ཕྱིན་རུང་དཔའ་རྒོད་ཁྱེད་ཀྱི་ཡོད་ཚད་བློས་བཏང་གི་རླབས་ཆེན་གྱི་མཛད་རྗེས་དེ་དག་འུ་ཚོའི་དུས་ནམ་ཡང་བརྗེད་མི་སྲིད། དཔའ་རྒོད་ཁྱེད་ཀྱི་མཛད་རྗེས་དང་སྙིང་སྟོབས་དེ་དག་ལ་འུ་ཚོའི་བུ་རབས་ཚ་བརྒྱུད་རྣམས་ཀྱི་སེམས་ཁོངས་སུ་གསོན་པོར་གནས་ངེས་ལ། རྟག་ཏུ་རྗེས་དྲན་ཞུ་ངེས་སོ། །ངས་དེ་རིང་དཔའ་རྒོད་ཁྱེད་ལ་སྙིང་དབུས་ནས་རྗེས་དྲན་ཞུ་བཞིན་ཡོད། གངས་ལྗོངས་ཀྱི་དཔའ་རྒོད་ལགས། ཁྱེད་ཕེབས་པ་སྔ་དྲག་སོང་། འུ་ཚོ་ལ་དཔལ་རྒོད་ཁྱེད་ལྟར་མང་པོ་དགོས་ལ། སྐུ་ཚེ་ཡུན་རིང་བརྟན་དགོས། འོན་ཀྱང་ལས་དབང་གིས་འདི་འདྲ་ཞིག་ཕེབས་དགོས་གྱུར་པ་རེད། ཀྱི་ཧུད་འུ་ཚོའི་མི་རིགས་འདིས་དེ་འདྲའི་དཀའ་སྡུག་མྱང་དགོས་དོན་གང་ཞིག་ཡིན་ནམ། དཀོན་མཆོག་གིས་གཟིགས་དང་། རྒྱ་དམར་དྲག་སྤྱོད་ནི་ཁྱི་སྤྱང་ལས་གདུག་རྩུབ་ཆེ་བ་ཡོད་ཅིང་། རྒྱ་དམར་གྱིས་བཙོན་ཁང་ནང་དུ་མནར་གཅོད་བཏང་ཆེ་བའི་དམ་པ་ཁོང་ནད་གཅོང་དུ་བཟོས་ནས་འདས་གྲོངས་སུ་གྱུར་པ་རེད། བོད་ནང་དུ་མི་བུ་སེམས་ཤུགས་ཅན་དེ་དག་བཙོན་ཁང་དུ་བཅུག་ནས་སྡུག་སྦྱོང་མནར་གཅོད་འདྲ་མིན་སྣ་ཚོགས་ཤིག་བཏང་ནས་རྗེས་ཕྱོགས་བཙོན་གྲོལ་ཐུབ་རྗེས་རིག་འཚོ་མ་ཟིན་པ་བཟོ་བཞིན་ཡོད། དེ་དག་འཛམ་གླིང་གི་མི་ཚོས་ཤེས་དགོས་ཀྱི་འདུག་སྙམ།
ད་ནི་འུ་ཚོ་ཚང་མ་ཆིག་སྒྲིལ་གྱིས་མདུན་སྐྱོད་གནང་དགོས་པ་ལས། ཕན་མེད་ཀྱིས་ནང་ཁུལ་ཚིག་སྐམ་སྟོང་བཤད་བྱས་བསྡད་ན་ཕན་ཐོགས་ཡོད་པ་གཏན་ནས་མ་མཐོང་ངོ་།། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རྒྱལ་ཁབ་འདི་ཉིད་སླར་གསོ་ཡོང་ཆེད་དུ་ཚང་མའི་ནུས་པ་གཅིག་པུ་སྤུངས་ནས་ལས་དོན་གནང་དགོས། ད་ནི་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་ཐུགས་བསམ་ངེས་པར་བཞེས་པའི་དུས་ཚོད་སླེབས་འདུག་སྙམ།
ང་ཚོ་མིའི་ལུང་པར་ལ་ལུང་མང་པོ་བརྒལ་ཏེ་བཙན་བྱོལ་དུ་ཡོང་བ་ནི། བོད་ཆོས་ལྡན་ཞིང་ཁམས་རྒྱ་དམར་གྱིས་བཙན་འཕྲོག་བྱས་ནས་ང་ཚོ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ཞིག་ལས་ང་ཚོ་ལ་ཁ་ལ་ཟ་རྒྱུ་དང་། རྒྱབ་ཏུ་གྱོན་རྒྱུ་མ་རག་ནས་བཙན་བྱོལ་དུ་ཡོང་བ་ཞིག་གཏན་ནས་མ་རེད། ང་ཚོའི་རྒྱལ་ཁབ་གཞན་གྱིས་བཙན་འཕྲོག་བྱས་པར་བརྟེན་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ཞིག་རེད། སྐབས་རེར་མགོ་འོག་འགའ་ཤས་སྣང་བ་དག་ནས་རྒྱལ་ཁབ་ཡོད་པ་ལྟར་རྩོད་གླེང་གནང་བཞིན་འདུག་རུང་། ང་ཚོ་བཙན་བྱོལ་བ་ཡིན་པ་ངེས་པར་ཤེས་དགོས་ཀྱི་འདུག་སྙམ། འུ་ཚོའི་ཕ་ས་རྒྱ་དམར་གྱིས་བཙན་འཕྲོག་བྱས་ནས་གཞིས་བྱེས་གཉིས་ཁ་བྲལ་ནས་ཁྲག་དང་མིག་ཆུའི་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད།
ལྷག་པར་འུ་ཚོའི་འདས་ཟིན་པའི་བོད་ཀྱི་གནས་སྟངས་དེ་དག་ན་གཞོན་རྣམས་ལ་ངོ་སྤྲོད་གནང་དགོས་ཀྱི་འདུག་སྙམ། དེང་སྐབས་ན་གཞོན་འགའ་ཤས་བོད་དོན་གླེང་ཡོང་དུས་སེམས་ནང་དུ་ཚོར་སྣང་གང་ཡང་མེད་པའི་རྣམ་པ་ཞིག་མཐོང་གི་འདུག །དེ་དག་ནི་ཕ་མའི་སློབ་གསོ་དང་། དེ་བཞིན་སློབ་གྲྭ་ཁག་གི་དགེ་ལས་རྣམ་པ་སོགས་ནས་སློབ་གསོ་སྤྲོད་སྟངས་མ་འགྲིག་པ་ཡིན་ན་གང་ཤེས་གང་ལྟར་ན་གཞོན་རྣམས་བོད་དོན་ཐོག་ཏུ་དོ་སྣང་དང་། སེམས་ཤུགས་དེ་ཙམ་ཞིག་མེད་པ་མཐོང་སྣང་ཡོང་གི་འདུག་ཅིང། དེ་དག་གི་ཐོག་ཏུ་ངེས་པར་འབྲེལ་ཡོད་ཚོའི་ཞིབ་འཇུག་གནང་དགོས་ཀྱི་འདུག་སྙམ།
དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་གི་ཕ་མ་འགའ་ཤས་ཀྱིས་སོ་སོའི་བུ་ཕྲུག་ལ་མགོ་གྲུང་པོ་བྱེད་དགོས་རེད་མ་གཏོགས་མི་གཞན་གྱིས་མགོ་སྐོར་འོག་ཏུ་ཚུད་ཀྱི་རེད་ཅེས་པའི་བསླབ་བྱ་བརྒྱབ་པ་ལས་ཁྱོད་རང་སློབ་གྲྭ་ཐོན་སོང་ན་བོད་མི་རིགས་ཀྱི་བདེན་དོན་བརྩོན་ལེན་གནང་དགོས་ཞེས་བསླབ་བྱ་སྐྱོན་མཁན་ཧ་ཅང་ཉུང་ཉུང་རེད་འདུག་སྙམ། གཅིག་བྱས་ན་ང་རང་གི་ལྟ་སྟངས་ནོར་ཡོད་སྲིད། ང་རང་ལྟ་ནོར་ཡོད་པར་ཤོག་ཅེས་སྨོན་ལམ་འདེབས། གང་ལྟར་དེ་དག་མི་རིགས་ཤིག་གི་འཐབ་རྩོད་བྱེད་མཁན་ལ་མཚོན་ན་ཞན་ཆ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་བོད་ཀྱི་འཐབ་རྩོད་གནང་མཁན་ནི་མ་འོངས་པར་གསོན་རྩ་ན་གཞོན་ཡིན་དུས་དེ་དག་ལ་ཚོར་སྣང་གང་ཡང་མེད་པར་གྱུར་ཚེ་དེ་ནི་ཉེས་ཁ་ཅན་ཞིག་ཡིན་པ་འདོད། དེ་དག་ནི་ཞོར་འཕྲོས་ཙམ་ཞིག་ཡིན།
གང་ལྟར་ཁ་བ་གངས་ལྗོངས་ཀྱི་དཔའ་རྒོད་ཁོང་ལ་རྗེས་དྲན་སྙིང་དབུས་ནས་ཞུ་རྒྱུ་དང་། མ་ཟད་སླར་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་མི་ལུས་བཟང་པོ་ཐོབ་སྟེ། བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་པ་ཞིག་ཏུ་སྐྱེ་བ་ལེན་པའི་སྨོན་ལམ་འདེབས་བཞིན་ཡོད་ཅིང་། དེ་ཡང་བདེན་ཚིག་སྨོན་ལམ་ལས། །ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས། །ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ། །ངན་དགུས་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན། །མྱུར་དུ་ཆོད་པའི་ཐུགས་རྗེའི་མཐུ་དཔུང་སྐྱོད། །ཅེས་སྨོན་ཚིག་ལྟར་གངས་ལྗོངས་ཆོས་ལྡན་གྱི་ཞིང་ཁམས་སྐྱེ་འགྲོ་རྣམས་རྒྱ་དམར་གུང་ཁྲན་གྱི་བཙན་གནོན་དང་གདུག་རྩུབ། མནར་གཅོད་སོགས་ཀྱི་འོག་ནས་མྱུར་དུ་ཐར་ཏེ་བོད་གངས་ཅན་ལྗོངས་སུ་ཞི་བདེ་དང་རང་དབང་གི་ཉི་མ་འཆར་བའི་སྨོན་འདུན་དང་། གཞན་ཡང་། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། ཅེས་ཐུགས་སྨོན་གནང་དོན་ལྟར་དེ་དེ་བཞིན་དུ་འགྱུར་བའི་སྨོན་ལམ་སྙིང་དབུས་ནས་འདེབས་སོ།།