རྒྱུད་སྨད་གྲྭ་ཚང་དང་སྟོད་རྒྱུད་གྲྭ་ཚང་གཉིས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།
༧གོང་ས་མཆོག་གིས། རྒྱུད་གྲྭ་སྟོད་སྨད་གཉིས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་གནང་སོང་བ་དང་། སྐབས་དེར་གོང་ས་མཆོག་གིས་རྒྱུད་གྲྭ་སྟོད་སྨད་གཉིས་བསམ་གྱིས་མི་ཁྱབ་པ་རེད། ནོར་བུ་གླིང་གར་རྒྱུད་སྟོད་དང་རྒྱུད་སྨད་ཀྱི་དགེ་འདུན་པ་ཕལ་ཆེར་བཅུ་བཅོ་ལྔ་རེས་མོས་ཀྱིས་ཡོང་གི་ཡོད་པས་དགོང་མོ་རྒྱུད་གཞུང་འདོན་པ་ངོས་ཀྱིས་འཆར་ཅན་གོ་བཞིན་ཡོད། དེར་བརྟེན། རྒྱུད་གྲྭ་སྟོད་སྨད་གཉིས་ལ་སེམས་ཐག་ཉེ་བོ་ཆགས་ཡོད། དེ་རིང་འདིར་རྒྱུད་གྲྭ་སྟོད་སྨད་ཐུན་མོང་གི་ཐོག་ནས་བརྟན་བཞུགས་གནང་བ་རེད། གང་ལྟར་སྲུང་མ་ཚོ་ཡང་ཏན་ཏན་མཉམ་དུ་འཚོགས་ཡོད་པ་རེད། གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ།། བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ།། ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས།། དབེན་པ་བསྟེན་ནས་ཚུལ་བཞིན་བསྒྲུབ་པར་ཤོག། ཅེས་སོགས་གསུངས་པ་ལྟར། གང་ལྟར་ཆོས་སྐྱོང་སྲུང་མ་ཚོས་ཀྱང་ལུས་དང་དྲི་མ་བཞིན་འགྲོགས་པའི་ཐོག་ནས། འཕྲིན་ལས་སྒྲུབ་པ་ངོས་ཀྱི་རྨི་ལམ་ལ་ཐེངས་མང་པོར་བཏང་མྱོང་། དེ་རིང་འདིར་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་བརྟན་བཞུགས་ཕུལ་བའི་སྐབས་སུ་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་ཏན་ཏན་འདིར་འདུས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།
ཡང་༧གོང་ས་མཆོག་གིས་ཉེ་སྔོན་འཁྲུངས་སྐར་དང་བསྟུན། ངོ་ཤེས་མི་ཤེས་པ་མང་པོས་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཡི་གེ་མང་པོ་འབྱོར་སོང་། དེ་གཏོང་མཁན་ཁྱོད་ཚོ་ཚང་མ་ལྷག་བསམ་གཅིག་ཏུ་དཀར་བ་རེད། གལ་ཆེ་ཤོས་ངོས་ཀྱིས་ད་བར་དུ་ཧུར་ཐག་བྱས་པ་ལ་ངོས་ལེན་ཡོད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ད་ལྟ་གོ་སྐབས་འདི་བཟུང་ནས་བཀྲ་ཤིས་བདེ་ལེགས་ཞུ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱོད་རང་ཚོས་རེ་བ་དང་སྨོན་ལམ་བརྒྱབ་པ་ལྟར་ངོས་ནས་ཀྱང་མུ་མཐུད་ནས་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལ་ཕན་ཐོགས་གང་འཚམས་བྱེད་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།
མཇུག་ཏུ་ཁོང་ཉིད་ནས་ངོས་ནས་བྱེ་བྲག་ཏུ་སངས་རྒྱས་པའི་ཆོས་འདི་རིག་པ་དང་ལྡན་པ་ཞིག་ཡིན་པ་ངོས་ཀྱིས་ངོ་སྤྲོད་བྱེད་བཞིན་ཡོད། དེ་ལ་ནང་པ་བྱེད་དགོས་པ་རེད་ཟེར་གྱི་མེད། ཆོས་བྱེད་དགོས་རེད་བཤད་ཀྱི་མེད། གཙོ་བོ་སེམས་པ་བཟང་པོ་བྱོས། ཆོས་ནས་བཤད་པའི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། སྐྱེ་བ་སྔ་ཕྱི་ཁས་བླངས་ཀྱང་མ་བླངས་ཀྱང་མི་ཚེ་འདི་ལ་སེམས་པ་བཟང་པོ་བྱོས། ཆུང་ཆུང་སྐབས་སུ་ཨ་མའི་བྱམས་བརྩེས་བསྐྱངས་པ་དང་། ཨ་མས་རླུང་བསྟན་ནས་འགྲོ་ཡི་མེད་པར་བྱམས་བརྩེ་སྟོན་གྱི་ཡོད་པས་ང་ཚོའི་མི་ཚེའི་མགོ་དེ་ལྟར་བཙུགས་པ་རེད། མི་ཚེའི་འཕྲོ་བྱམས་བརྩེ་ལྡན་པ་ཞིག་གིས་བསྐྱལ་བ་ཡིན་ན་སོ་སོའི་སེམས་སྐྱིད་པ་དང་། རོགས་པ་ཚོའང་སེམས་སྐྱིད་པ། མདོར་ན་འཛམ་གླིང་སྤྱི་ལ་དངོས་གནས་དྲང་གནས་སེམས་ཀྱི་ཞི་བདེ་ཡོད་པ་དང་ཞི་བདེ་ཡོང་བའི་གོ་སྐབས་ཡོད་པ་རེད། དེ་རིང་གོ་སྐབས་འདིར་ངོས་ཀྱི་གྲོགས་པོ་ཚང་མར་དུས་རྒྱུན་དུ་ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་སེམས་པ་བཟང་པོ་བྱེད་པ་དང་། སུ་ལ་ཡིན་ནའང་ཕན་ཐོགས་བྱེད་པའི་བསམ་བློ་གཏོང་དགོས་སྐོར་སོགས་གསུངས་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།
གང་ལྟར་ཆོས་སྐྱོང་སྲུང་མ་ཚོས་ཀྱང་ལུས་དང་དྲི་མ་བཞིན་འགྲོགས་པའི་ཐོག་ནས། འཕྲིན་ལས་སྒྲུབ་པ་ངོས་ཀྱི་རྨི་ལམ་ལ་ཐེངས་མང་པོར་བཏང་མྱོང་། དེ་རིང་འདིར་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་བརྟན་བཞུགས་ཕུལ་བའི་སྐབས་སུ་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་ཏན་ཏན་འདིར་འདུས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།