རེ་མདོ་སེངྒེ།
༄༅།། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་བཅུ་དྲུག་པ་ནི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རཀ་ཅེས་པའི་གྲོང་ཁྱེར་དུ་ཚོགས། གྲོང་ཁྱེར་འདི་དེ་སྔ་དམག་འཁྲུག་གཉིས་པའི་སྐབས་གཏོར་བཅོམ་ཐེབས་ཉུང་ཤོས་ཤིག་ཡིན་ཚོད་འདུག་པས། གནའ་བོའི་ཡོ་རོབ་ཀྱི་ཁང་བཀོད་བརྗིད་ཉམས་ཅན་མང་པོ་ལྷག་འདུག་པར་མ་ཟད། གྲོང་ཁྱེར་ནང་ཕལ་ཆེར་རྡོ་གཅལ་ཤིན་ཏུ་བཀོད་པ་ལེགས་པོ་སྒྲིག་འདུག་པས་ཕྱོགས་གང་ནས་བལྟས་ཀྱང་ཡིད་དབང་འཕྲོག་པ་ཞིག་འདུག དེ་བས་ཀྱང་པ་རཀ་ཅེས་པའི་གྲོང་ཁྱེར་ཕྱི་ནང་གི་གཙང་སྦྲ་ནི་ཡོ་རོབ་རྒྱལ་ཁབ་གཞན་དག་གིས་དོ་ཟླ་དཀའ་བ་ཞིག་འདུག་ལ། ཁོར་ཡུག་དང་གནམ་གཤིས་ནི་བོད་ནང་གི་དབྱར་དུས་ཀྱི་གནམ་གཤིས་ལྟར་དྲོ་བསིལ་སྙོམ་པོ་ཞིག་འདུག
ཡུལ་ཐང་ནི་ཡོ་རོབ་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཅུང་དམའ་བོ་འདུག ཡོ་རོབ་གཅིག་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོར་མོ་ 24.5 དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒོར་མོ་གཅིག་ལ་རྒྱ་གར་སྒོར་མོ་ 3.5 བཅས་ཡིན། དཔེར་ན། ཐུག་པ་ཕོར་བ་གཅིག་ལ་ཅེག་སྒོར་མོ་ 149 ཡིན་པས། ཡོབ་སྒོར་ 6.05 དང་། རྒྱ་གར་སྒོར་མོ་ 516 ཙམ་ཡིན། ཡུལ་ཐང་གཞན་དག་རྣམས་ཀྱང་འདིའི་ཐོག་ནས་རོབ་ཙམ་ཚོད་དཔག་བྱེད་ཐུབ་པས། དངོས་གོང་རེ་རེ་བཞིན་འདིར་འབྲི་བའི་དགོས་པ་མ་མཐོང་། མགྲོན་ཁང་ཡང་གོང་ཚད་རན་པོ་ཞིག་ཡིན་ཚོད་འདུག་སྟེ། གྲོགས་བཟང་ཆུང་ཚེ་རིང་ལགས་ཀྱིས་ཕྲན་གཉིས་ལ་མངགས་པའི་མགྲོན་ཁང་ནི་པ་རཀ་གྲོང་ཁྱེར་གྱི་དཀྱིལ་དུ་འདུག་ཅིང་། ཁྲུས་ཁང་དང་ཐབ་ཚང་བཅས་དགོས་མཁོ་ཚང་ངེས་ཤིག་འདུག་ཀྱང་། བདུན་ཕྲག་གཅིག་ལ་ཅེག་སྒོར་མོ་ 11368 རེད་འདུག དེ་ཡོ་རོབ་སྒོར་མོ་བསྒྱུར་ན་ 464 དང་རྒྱ་གར་སྒོར་མོ་ 39440 ཙམ་ཡིན་པས་ཡོ་རོབ་རྒྱལ་ཁབ་གཞན་དག་དང་བསྡུར་ན་རིན་གོང་ཅུང་དམའ་མོ་ཡིན།
འདི་དག་ནི་མཚམས་སྦྱོར་གྱི་ཚུལ་དུ་སྤྱི་བཏང་གི་གནས་ཚུལ་ངོ་སྤྲོད་ཞུས་པ་ཙམ་ཡིན། སྤྱིར་ཉིན་ཤས་ཀྱི་གོང་ནས་བོད་རིག་པའི་ཚོགས་འདུ་འདི་དང་འབྲེལ་བའི་བསམ་ཚུལ་འགའ་ཤས་ཡིག་ཐོག་ཏུ་འབྲི་འདོད་ཡོད་ཀྱང་། འགྲིམ་འགྲུལ་གྱི་བྲེལ་ཟིང་ཁྲོད་དུས་ཚོད་བར་གསེང་གཏན་ནས་མ་བྱུང་བས་ཕྱིར་བཤོལ་དུ་གྱུར། དེ་རིང་སུད་སིའི་གྲོང་ཁྱེར་ཇི་ནི་ལྦ་ལ་ཚ་ཚད་གྲངས་ 38 ལྷག་ཡིན་པ་དང། གནམ་གཤིས་དྭངས་པས་ཡིན་ངེས་ཏེ་ཉི་མའི་ཚ་ཟེར་ནི་ཤ་གསེང་ལ་ཟུག་ཡོང་བ་ཞིག་འདུག་པས། ནང་དུ་ལྷོད་སྡོད་བྱ་རྒྱུ་གཏན་འཁེལ་བ་དང་གློག་ཀླད་སྒོ་ཕྱེ་ནས་རྩོམ་ཡིག་འདི་འབྲི་རྒྱུའི་འགོ་བཙུགས་པ་ཡིན། བསམ་ཚུལ་འགའ་ཤས་ཡོད་པ་རྣམས་སྤྱི་བཏང་ངག་འགྲོས་སུ་འགོད་རྒྱུར་འབད་བརྩོན་བྱ།
ད་ཐེངས་ཀྱི་ཚོགས་ཞུགས་པ་ལ་མཚོན་ན། ཐོག་མར་ཚོགས་ཞུགས་སྙན་ཞུ་འབུལ་མཁན་ཆིག་སྟོང་ལྷག་བྱུང་འདུག་པ་ལས་སྙན་ཞུ་ངོས་བཞེས་ཐོབ་པ་ལྔ་བརྒྱ་ལྷག་ཚོགས་ཞུགས་གནང་ཡོད་པ་རེད་ཅེས་ཚོགས་འདུ་གོ་སྒྲིག་པ་ཚོས་གསུངས། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ནས་བོད་མི་གང་འཚམ་ཚོགས་ཞུགས་གནང་འདུག་པས། ཚོགས་ཐེངས་བཅུ་དྲུག་པ་འདི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་རིམ་པའི་ནང་རྒྱ་བལ་འབྲུག་གསུམ་ནས་བོད་པ་ཚོགས་ཞུགས་བྱེད་མཁན་མང་ཤོས་ཀྱི་གྲས་ཤིག་ཡིན་འདུག འོན་ཀྱང་བོད་ནས་ཕེབས་མཁན་ནི་ཧྥ་རན་སི་དང་པོ་ལན་ཀྲི་སོགས་སུ་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པའི་གཞོན་སྐྱེས་འགའ་ཤས་མ་གཏོགས། བོད་ནས་ཐད་ཀར་ཕེབས་པའི་ཚོགས་ཞུགས་པ་གཅིག་ཀྱང་མི་འདུག་པ་ནི། ཉེ་ལམ་གྱི་བོད་རིག་པའི་ཚོགས་འདུ་རིམ་པའི་ནང་བྱུང་མ་མྱོང་བའི་གནས་ཚུལ་དམིགས་བསལ་བ་ཞིག་ཡིན་འདུག འདི་ལ་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་སྐབས་བློ་ཕམ་གྱི་རྣམ་འགྱུར་ཡང་བསྟན་བྱུང་།
ཕྱི་རྒྱལ་བའི་བོད་རིག་པའི་མཁས་པ་གང་འཚམ་ཕེབས་འདུག་ཀྱང་། དོན་དམ་གྱི་བོད་རིག་པའི་མཁས་པ་གྲགས་ཅན་མཁར་རྨེ་བསམ་གཏན་ལགས་དང་། ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས། ཚེ་རིང་ཤཱཀྱ་ལགས། བྱམས་པ་བསམ་གཏན་སོགས་ཕེབས་ཐུབ་མི་འདུག་པ་ནི། བོད་པ་ཚོགས་ཞུགས་པ་ཞིག་གི་ངོས་ནས་བཤད་ན་ཚོགས་འདུའི་གྲུབ་ཆ་མ་ཚང་བ་ལྟ་བུའི་སྟོང་ཆའི་སྣང་བ་ཞིག་ཤུགས་ཀྱིས་འབྱུང་།
སྤྱིར་བོད་རིག་པ་ཞེས་པའི་ཐ་སྙད་ཀྱི་བྱུང་རིམ་དང་གོ་བ་ལེན་ཕྱོགས་ཐད་གླེང་འདོད་པ་འགའ་ཤས་ཡོད་ཀྱང་། འདིར་ཡིག་ཚོགས་ཀྱི་སྤྲོས་པ་ཆེ་འགྲོ་བས་མི་གླེང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ནི། བོད་ཀྱི་ཆོས་ལུགས་དང་ཆབ་སྲིད། དཔལ་འབྱོར། རིག་གནས། རྒྱལ་རབས་ལོ་རྒྱུས། སྐད་ཡིག རྩོམ་རིག་སྒྱུ་རྩལ། སྐྱེ་དངོས། ཡུལ་གོམས་གཤིས་ལུགས། བཟོ་རིག་ལག་རྩལ། གནས་རི། ཏུན་ཧོང་ཡིག་རྙིང་དང་གནའ་བོའི་རྡོ་རིང་ངོས་ཀྱི་གལ་ཆེའི་གནད་དོན་སོགས་བརྗོད་གཞིའི་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་སྙན་གྲགས་ཅན་ཞིག་ཡིན།
བོད་རིག་པའི་ཞིབ་འཇུག་ཚོགས་འདུ་འདིའི་ཐོག་མའི་བྱུང་རིམ་ནས་བཟུང་སྟེ་ད་ལྟའི་བར་གྱི་གནས་སྟངས་ནི། བོད་རིག་པའི་གནད་དོན་ངོ་མ་ཞིབ་འཇུག་དང་གླེང་སློང་བྱེད་སའི་རྒྱལ་སྤྱིའི་རང་བཞིན་གྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གནས་ཐུབ་ཡོད་ཀྱང་། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་ཁེ་ཕན་གཞན་དག་གིས་ཚོགས་པ་འདིའི་ཁ་ཕྱོགས་ལ་སྟངས་འཛིན་བྱེད་འདོད་པ་དང་། གཏིང་ནག་པའི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཐབས་སུ་བཀོལ་སྤྱོད་གཏོང་འདོད་མཁན་རྒྱུན་མ་ཆད་པར་ཡོང་གི་ཡོད་པར་མ་ཟད། མ་འོངས་པར་གནས་སྟངས་འདི་ཚབས་ཆེ་རུ་འགྲོ་བའི་ཉེན་ཁ་མེད་པ་གཏན་ནས་ཡིན་ཚོད་མི་འདུག་པས། རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་ཚོགས་པ་འདིའི་ཁ་ཕྱོགས་ནོར་འཁྲུལ་ཅན་དང་། གཞུང་སྒེར་གྱི་སྒྲིག་འཛུགས་གང་གི་ཡང་ཆབ་སྲིད་ཀྱི་གཡོ་ཐབས་དང་སྟངས་འཛིན་འོག་ཏུ་ཤོར་མི་འཇུག་པར། དྲང་ཚུགས་ལྡན་པའི་ཞིབ་འཇུག་གི་གྲོས་ར་ཚད་ལྡན་ཅིག་གི་ངོ་བོར་རྒྱུན་གནས་ཐུབ་དགོས་པ་ནི། བོད་ཀྱི་ཆོས་ལུགས་དང་རིག་གཞུང་། ཆབ་སྲིད་གང་ཐད་ནས་ཤིན་ཏུ་གལ་གནད་ཆེན་པོར་གྱུར་ཡོད་པས། རང་དབང་ལུང་པར་ཡོད་པའི་བོད་གཞུང་མང་གཉིས་ཀར་བོད་རིག་པའི་ཞིབ་འཇུག་གི་གནས་བབ་དྲང་ཚུགས་ལྡན་པ་ཡོང་ཐབས་བྱ་དགོས་པའི་འགན་འཁྲི་དམིགས་བསལ་བ་ཞིག་ཡོད་ངེས་སྙམ།
གནད་དོན་གཞན་པ་ཞིག་ནི། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཀྱི་འོས་མིར་བཞེངས་མཁན་བོད་མི་ཤིན་ཏུ་ཉུང་ཞིང་། འོས་འཕེན་གྱི་ཐོབ་ཐང་ཡོད་པའི་བོད་པ་དེ་བས་ཀྱང་ཉུང་བས། རྒྱུན་ལས་གྲངས་བཅུ་གསུམ་ཡོད་པའི་ནང་བོད་མི་གསུམ་བཞི་ཙམ་ལས་ཐོན་ཐུབ་ཀྱི་མེད་ལ། ད་ལོ་རྒྱ་བལ་འབྲུག་གསུམ་ནས་བོད་མི་གཅིག་ཀྱང་རྒྱུན་ལས་ཀྱི་ཁོངས་སུ་ཕེབས་ཐུབ་མེད། རྒྱུན་ལས་ཡོངས་རྫོགས་དང་ཡང་ན་མང་ཤོས་བོད་མི་ཡིན་དགོས་པའི་མི་རིགས་ཀྱི་ལྟ་བ་ཁོ་བོར་མེད་ཀྱང་། བོད་མི་གང་འཚམས་ཤིག་རྒྱུན་ལས་ཀྱི་ཁོངས་སུ་ཕེབས་ཐུབ་ན། ཚོགས་པ་འདིའི་གཞི་རྩའི་ལངས་ཕྱོགས་བརྟན་པོ་གནས་ཐུབ་པར་ཕན་ཐོགས་ངེས་ཅན་འབྱུང་བར་མ་ཟད། ཚོགས་འདུའི་ལས་རིམ་སྒྲིག་སྟངས་དང་། ཚོགས་འདུ་དང་འབྲེལ་བའི་ཡིག་ཆ་བཟོ་སྟངས། ཚོགས་ཆེན་ཐོག་བོད་རིག་པའི་ཞིབ་འཇུག་གི་གལ་གནད་དང་གྲུབ་འབྲས་གླེང་སྟངས་བཅས་ལ་ཁྱད་པར་འབྱུང་རྒྱུ་ཡིན་པ་ནི་ཐེ་ཚོམ་མེད་པ་ཞིག་རེད།
ལྷག་པར་དུ་ལུས་སེམས་ཡོངས་རྫོགས་བོད་ཀྱི་རིག་གཞུང་གི་ཁྲོད་ནས་འཚར་ལོངས་བྱུང་བའི་མི་ཞིག་དང་། དགོས་མཁོ་བྱེ་བྲག་པའི་དབང་གིས་བོད་ཀྱི་རིག་ཚན་བྱེ་བྲག་པ་ཞིག་ལ་ཡིག་ཐོག་ནས་སློབ་སྦྱོང་བྱས་པའི་མི་གཉིས་ནི། བོད་རིག་པའི་ངོ་བོ་དང་རིན་ཐང་ལ་ལྟ་སྟངས་མ་འདྲ་བའི་ཁྱད་པར་གནམ་ས་ལྟ་བུ་ཡོད་པས། བོད་རིག་པའམ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ནུས་པ་ནི་བོད་མི་ལས་ལྷག་པ་སུ་གང་ཡང་འཇིག་རྟེན་འདི་ན་ཡོད་མི་སྲིད་ཅེས་སྨྲ་ཐུབ། རྒྱུ་མཚན་འདི་ལ་བརྟེན་ནས་བོད་ཀྱི་ལས་དོན་དང་འབྲེལ་བའི་འགན་ཁུར་པའི་གྲས་སུ། བོད་མི་ནུས་པ་ཅན་ཅི་ཙམ་མང་བ་དེའི་ཚོད་ཀྱིས་གྲུབ་འབྲས་ལེགས་པོ་འབྱུང་རྒྱུ་ཡིན་པས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཀྱི་གྲས་སུ་བོད་མི་གང་འཚམས་མང་པོ་ཕེབས་ཐུབ་པའི་རེ་བ་བྱས་པ་ཡིན། ངའི་བསམ་ཚུལ་འདི་ལ་མི་རིགས་ཀྱི་ལྟ་བ་དང་ཕྱོགས་ཞེན་གྱི་དྲི་མ་གཏན་ནས་མེད།
བོད་པའི་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་སྒྲོག་སྦྱངས་གནང་བའི་དཔྱད་རྩོམ་དང་། ཞིབ་འཇུག་གི་ཐབས་ལམ། གྲུབ་དོན་བཅས་ལ་འཐུས་སྒོ་མ་ཚང་བའི་སྐྱོན་གནད་མང་པོ་ཡོད་པ་སྨོས་མ་དགོས་ལ། ཕྱི་རྒྱལ་བའི་ཞིབ་འཇུག་པའི་ཁོངས་སུ་ཡང་ཞིབ་འཇུག་ཁ་མ་ཚང་བ་དང་། ངོས་འཛིན་ནོར་བ། དངོས་དོན་དང་མི་མཐུན་པའི་འགྲེལ་ལོག་བྱེད་མཁན་ཡང་ཇི་སྙེད་འདུག་པས། ཁོང་ཚོའི་ངོས་འཛིན་དང་ལྟ་བ་ནོར་འཁྲུལ་ཅན་དེ་དག་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་དྲང་ལམ་དུ་འདེད་མ་ཐུབ་ན། བོད་རིག་པའི་གནད་དོན་དང་འབྲེལ་བའི་ལྟ་ཚུལ་མང་པོ་ཞིག་མ་དག་རྒྱུན་འབྱམས་སུ་འགྲོ་བའི་ཉེན་ཁ་མེད་པ་གཏན་ནས་མིན་པས། བོད་རིག་པའི་ཤེས་ཚད་ངེས་ཅན་ཡོད་པའི་ཐོག་སྐད་ཡིག་གི་ཆ་རྐྱེན་འཛོམས་པའི་བོད་མི་གང་མང་ཞིག་འདིར་ཚོགས་ཞུགས་གནང་དགོས་པ་གལ་ཆེ་བའི་མཐོང་ཚུལ་སྔོན་མ་ནས་བྱུང་ལ། སྐད་ཡིག་གི་ཆ་རྐྱེན་འཛོམས་པ་རྣམས་ཀྱིས་སྐབས་སོ་སོར་བོད་རིག་པའི་གནད་དོན་བྱེ་བྲག་སོ་སོའི་ཐོག་ངོས་འཛིན་དང་ལྟ་ཚུལ་ནོར་བ་མངོན་གསལ་གྱི་རིགས་ལ་གསལ་བཤད་དག་ཐེར་ཚུལ་བཞིན་གནང་ཐུབ་ན། ཕྱི་རྒྱལ་པ་ཚོའི་བོད་རིག་པའི་ཞིབ་འཇུག་གི་སྤུས་ཚད་ཇེ་མཐོར་འགྲོ་བར་ཕན་ཐོགས་ངེས་ཅན་འབྱུང་རྒྱུ་ཡིན་ལ། དེ་ནི་མི་སྒེར་པ་ཞིག་གི་ཤེས་ཡོན་གོ་རྟོགས་སྤེལ་བ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཐོག་བོད་རིག་པའི་བརྒྱུད་ལམ་ཚད་ལྡན་ཞིག་གསོ་སྐྱོང་བྱས་པ་དང་། མཐར་གཏུགས་ན་བོད་རིག་པའི་ཞབས་ཕྱི་ཡིན་པས། བོད་མི་ཞིག་གིས་དང་དུ་བླངས་ནས་བསྒྲུབ་དགོས་པའི་ལས་དོན་ཞིག་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད།
བཙན་བྱོལ་ནང་སློབ་སྦྱོང་གི་བརྒྱུད་རིམ་ཐོན་པའི་གཞོན་སྐྱེས་ཤིན་ཏུ་ཉུང་ཤས་ཤིག་མ་གཏོགས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ལ་ཚོགས་ཞུགས་ཐུབ་ཀྱི་མེད་པ་ནི། ཕུགས་རྒྱང་རིང་པོར་བསམ་བློ་བཏང་ན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་མདུན་ལམ་གྱི་ཉེན་ཁ་ཆེན་པོ་ཞིག་ཡིན་མི་སྲིད་པ་གཏན་ནས་མིན། བོད་རིག་པའི་ཞིབ་འཇུག་གི་མདུན་ལམ་དང་བོད་མི་རིགས་ཀྱི་བར་ལས་དབང་གི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པས། བོད་རིག་པའི་ཞིབ་འཇུག་གི་ཉམས་རྒུད་ནི་བོད་མི་རིགས་ཀྱི་ཉམས་རྒུད་ཡིན་པ་རྒྱུ་མཚན་མང་པོ་འགོད་མི་དགོས་པར་གསལ་པོ་རྟོགས་ཐུབ་པ་ཞིག་ཡིན། དེར་བརྟེན་བོད་མི་གཞོན་སྐྱེས་མང་པོས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ལ་ཚོགས་ཞུགས་ཀྱི་གནས་ཚད་ལོན་ཐབས་བྱ་དགོས་པ་དང་། མ་འོངས་པར་བོད་རིག་པའི་ཞིབ་འཇུག་གི་རྐང་འཛིན་པ་བོད་མི་རང་ཉིད་ཀྱིས་བྱས་ཏེ། བོད་རང་གི་གནའ་རབས་ཀྱི་རིགས་ལམ་དང་རྒྱལ་སྤྱིའི་ཐོག་གྲགས་ཆེ་བའི་དེང་རབས་ཀྱི་ཉམས་ཞིབ་ཐབས་ལམ་ཟུང་འབྲེལ་གྱི་སྒོ་ནས། ཞིབ་འཇུག་གི་གྲུབ་དོན་གཡུར་དུ་ཟ་བ་མང་པོ་བོད་མི་རང་ཉིད་ཀྱི་ངོས་ནས་འདོན་ཐབས་བྱ་དགོས་པ་མ་གཏོགས། ཕྱི་རྒྱལ་བ་རྣམས་བོད་རིག་པའི་སྐོར་གསུང་བཤད་གནང་མཁན་གྱི་མཁས་དབང་དང་། བོད་པ་རྣམས་དེ་ལ་ཉན་མཁན་གྱི་སློབ་མའི་གནས་བབ་ཏུ་ལྷུང་བའི་ཉིན་མོ་ནས་བཟུང་སྟེ། བོད་ཀྱི་རིག་གཞུང་གི་བདག་དབང་བོད་པ་རང་ཉིད་ཀྱི་ལག་ནས་ཤོར་ཟིན་པ་ཡིན་ལ། ཉིན་མོ་དེ་ནི་བོད་ཀྱི་རིག་གཞུང་ཕ་རོལ་བ་ཞིག་གིས་གཏོར་བཤིག་བཏང་བ་དང་བཙན་འཕྲོག་བྱས་སོང་བ་ཞིག་མ་ཡིན་པར། བོད་པ་རང་ཉིད་ཀྱིས་བོད་ཀྱི་རིག་གཞུང་ལ་འཆད་ཉན་སློབ་གཉེར་དང་ཉར་ཚགས་མ་བྱས་པའི་ཉེས་སྐྱོན་འབའ་ཞིག་ཡིན་པས། འགྱོད་པ་རྟས་མི་ཟིན་པ་ཡོང་ངེས་ཀྱང་སྐབས་དེར་ཐབས་ཤེས་གང་ཡང་མེད། ཚིག་ཕྲན་བུ་རྩུབ་པོ་ལྟ་བུར་ཆགས་སོང་ཡང་ཞུ་དོན་སྙིང་པོ་ནི། བོད་མི་གཞོན་སྐྱེས་རྣམས་མ་འོངས་པར་བོད་རིག་པའི་ཞིབ་འཇུག་གི་རྐང་འཛིན་པ་ཞིག་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་ཀྱི་འདུག་ཅེས་པ་འདི་ཡིན།
ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༧ ཚེས་ ༡༥ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ལྦ་ནས་བྲིས།
གོང་དུ་བྲིས་པའི་བསམ་ཚུལ་འདི་ནི་ངེས་པར་བསམ་དགོས་པ་ཞིག་རེད། མ་ཟད་རང་ཉིད་ལ་མཚོན་ན་དགོངས་ཚུལ་འདི་ཧ་ཅིང་གལ་ཆེན་ཞིག་རེད་འདོད། ཡིན་ཡང་ད་ལྟའི་བོད་རིག་པའི་ཚོགས་འདིར་བཞུགས་མཁན་མཁས་དབང་རྣམས་ལ་ནུས་པ་ག་འདྲ་ཞིག་ཡོད་མེད་ཡང་གསལ་བོ་མཐོང་ཐུབ་པ་ཞིག་རེད། མ་འོངས་བར་བོད་མི་རིགས་ཀྱིས་འདས་མ་ད་གསུམ་གྱིས་གནས་སྟངས་གླེང་དགོས་ན་བོད་མི་ཞིག་གིས་གླེང་བ་ལས་ལྷག་པ་ཞིག་གླེང་ཐུབ་ཡ་ཁག་པོ་རེད་དེ་འདྲ་སོང་ཙང་སྐད་ཡིག་གཉིས་པ་མཁྱེན་མཁན་གྱིས་བོད་རིག་པའི་ཚོགས་ཞུགས་པ་བོད་རིགས་རྣམས་ཀྱི་འགན་ལེན་ཐུབ་པ་གནང་དགོས་པ་རེད་འདོད།