ཕྱི་ལོ་ ༢༠༢༢ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ཐོབ་མཁན་སློབ་མ་གཉིས་བྱུང་འདུག
འདི་ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༦ གི་སློབ་མ་གྲངས་ ༡༠༢༧ གྱིས་མཉམ་ཞུགས་བྱས་ཏེ། ཡིག་རྒྱུགས་འཕྲོད་པའི་ཆ་སྙོམས་བརྒྱ་ཆ་ ༧༣།༤༨ དང་། ཡིག་རྒྱུགས་གཙང་འཕྲོད་ཀྱི་ཆ་སྙོམས་བརྒྱ་ཆ་ ༩༧།༠༨ ཡིན་འདུག
དེ་བཞིན་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཁྲོད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༧ གི་སློབ་མ་གྲངས་ ༡༡༨༨ གྱིས་མཉམ་ཞུགས་བྱས་ཏེ། སློབ་མ་གྲངས ༡༡༡༧ གྱིས་ཡིག་རྒྱུགས་གཙང་འཕྲོད་དང་། ཡིག་རྒྱུགས་གཙང་འཕྲོད་ཀྱི་བརྒྱ་ཆ་ ༩༤།༠༢ དང་། ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༦༣།༡༤ ཡིན་འདུག་ལ། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་ཆ་སྙོམས་བརྒྱ་ཆ་ ༧༣།༤༨ ཡིན་པས། འདས་ལོ་དང་བསྡུར་ན་བརྒྱ་ཆ་༤།༩༣ ཙམ་མར་ཆག་ཡོད་འདུག
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཁྲོད། སམ་བྷོ་ཊ་སྦེལ་ཀོབ་ཀྱི་སློབ་མ་བསྟན་འཛིན་འོད་ཟེར་ལགས་ཀྱིས་བརྒྱ་ཆ་༩༥།༢ དང་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་བརྒྱ་ ༩༥ བླངས་ཏེ། འདི་ལོའི་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ཐོབ་ཡོད་པ་རེད།
གཞན་ཡང་། ད་ལོར་དགའ་ལྡན་ཕོ་བྲང་གི་སློབ་ཡོན་བྱ་དགའི་འབྱུང་རིག་སྡེ་ཚན་ནང་སམ་བྷོ་ཊ་སྦེལ་ཀོབ་ཀྱི་སློབ་མ་བསྟན་འཛིན་འོད་ཟེར་དང་། དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྒྲོན། སམ་བྷོ་ཊ་སྦེལ་ཀོབ་ཀྱི་སློབ་མ་ཆུང་བདག མོན་གྷོ་སམ་བྷོ་ཊའི་སློབ་མ་བསྟན་འཛིན་སྒྲོལ་དཀར། ཚན་རིག་སྡེ་ཚན་ནང་། སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་པདྨ་དང་། སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་རང་གྲོལ། མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཆོལ་གསུམ་ལྷ་མོ། ཚོང་རིག་སྡེ་ཚན་ནང་། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཛོམས་སྐྱིད་རྒྱལ་པོ་དང་། མོན་གྷོ་སམ་བྷོ་ཊའི་སློབ་མ་བསྟན་འཛིན་ཆོས་བཟང་། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་གཡུ་སྒྲོན་བཅས་ལ་སློབ་ཡོན་བྱ་དགའ་ཐོབ་འདུག
ཕྱི་ལོ་ ༢༠༢༡ ལོར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༦ གི་སློབ་མ་གྲངས་ ༡༠༦༠ མཉམ་ཞུགས་བྱས་ཏེ། ཡིག་རྒྱུགས་འཕྲོད་པའི་ཆ་སྙོམས་བརྒྱ་ཆ་ ༧༨།༤༡ དང་། བསྐྱར་རྒྱུགས་གཏོང་དགོས་མཁན་སློབ་མ་ ༢ བྱུང་འདུག་ཀྱང་། འདི་ལོར་བསྐྱར་རྒྱུགས་གཏོང་མཁན་སློབ་ཕྲུག་ག་ཚོད་ཡོད་མེད་གསལ་མི་འདུག དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་དམིགས་བསལ་གནས་སྟངས་འོག མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་ ༢༡ དང་མོན་གྷོ་སམ་བྷོ་ཊ་ནས་ ༢ ། བོད་ཁྱིམ་གོ་པལ་པུར་དང་སྤིར་སུ་ཇཱ་བོད་ཁྱིམ། དྷ་སྟེང་བོད་ཁྱིམ། སྤེལ་ཀོབ་སམ་བྷོ་ཊ་བཅས་ནས་སློབ་མ་ ༡ རེ་བཅས་ཁྱོན་སློབ་མ་ ༢༧ ལ་སྲིད་སྐྱོང་གཟེངས་རྟགས་ཐོབ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། དཔལ་ལྡན།