བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་ལམ་སྟོན་འོག་འཁྲབ་ཁྲིད་པ་ཐེག་ལོ་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་སྦྲ་ནག་ཅེས་པའི་བོད་ཀྱི་གློག་བརྙན་དེ་རྒྱལ་སྤྱིའི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོ་ཁུལ་གྱི་གློག་བརྙན་དུས་སྟོན་ཐེངས་ ༡༠ པའི་ཐོག་བསྟན་རྒྱུ་ཡིན་འདུག
ཕྱི་ལོ་༢༠༢༢ ལོའི་རྒྱལ་སྤྱིའི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་( Asia-Pacific International Film Festival ) ཐེངས་ ༡༠ པ་དེ་འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་ནེའུ་ཛི་ལེན་ཌི་རྒྱལ་ཁབ་ཀྱི་ཨོག་ལེན་ཌི( Auckland) གྲོང་ཁྱེར་དུ་བསྡུ་རྒྱུ་ཡིན་པ་དང་། འདི་ལོའི་གློག་བརྙན་དུས་སྟོན་ཐོག་ནེའུ་ཛི་ལེན་ཌི (New Zealand) དང་ཨོ་གླིང་། བོད། རྒྱ་གར། རྒྱ་ནག ལྷོ་ཀོ་རི་ཡ། ཝེ་ཐི་ནམ། ཐའེ་ལེན་ཊི་སོགས་ནས་འཁྲབ་སྟོན་བྱས་པའི་ཕུལ་བྱུང་གློག་བརྙན་མང་པོ་འདེམས་སྒྲུག་བྱས་ཡོད་འདུག་ལ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཐེག་ལོ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་གློག་བརྙན་སྦྲ་ནག་ ( Black Tent ) ཞེས་པ་དེའང་བསྟན་རྒྱུ་ཡིན་འདུག
འཁྲབ་ཁྲིད་པ་ཐེག་ལོས་བྲིས་པའི་བོད་ཀྱི་གློག་བརྙན་སྦྲ་ནག་ཅེས་པ་དེའི་ནང་བོད་ཀྱི་ན་གཞོན་གླུ་མ་དང་འཁྲབ་སྟོན་མ་གཡང་ཕྱུག་འཚོ་དང་། དགེ་འདུན་ཕུན་ཚོགས། ལྷ་སྐྱིད་གསུམ་གྱིས་འཁྲབ་སྟོན་མི་སྣ་གཙོ་བོ་བྱས་ཡོད་འདུག་ལ། གློག་བརྙན་དེའི་ནང་དུ་གདོད་མ་ནས་ལུག་འཚོས་ནས་འཚོ་བ་རོལ་བའི་ཁྱིམ་ཚང་དཀྱུང་མ་ཞིག་ལ་བུ་མོ་དབྱངས་ཅན་ཟེར་བ་ཞིག་ཡོད་ཅིང་། དབྱངས་ཅན་ཚང་གི་སྦྲ་ནག་དེ་ནི་ཁོང་ཚང་གི་གནས་མལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། སྦྲ་ནག་དེ་རྙིང་རུལ་དུ་ཕྱིན་ཡོད་སྟབས། བུ་མོ་དབྱངས་ཅན་གྱིས་ནོར་ནག་གི་རྩིད་པ་འཐགས་ཏེ་དྲོད་སྐྱིད་འཛོམས་པའི་སྦྲ་ནག་གསར་པ་ཞིག་བཟོ་རྒྱུར་རེ་སྨོན་བྱས་ཡོད་ཀྱང་། དུས་ཚོད་ཀྱི་འགྱུར་འགྲོས་དང་གློ་བུར་བའི་དོན་རྐྱེན་དེ་དག་གི་དབང་གིས། ཁོང་མོའི་དམིགས་ཡུལ་བསྒྲུབ་པར་འགོག་རྐྱེན་སྣ་མང་འཕྲད་པའི་གཏམ་རྒྱུད་ཅིག་ཡིན་འདུག་ལ། གློག་བརྙན་དེར་དབྱིན་རྒྱ་གཉིས་ཀྱི་གཤམ་ཡིག་(subtitle )ཀྱང་ཡོད་འདུག
ལོ་ལྟར་ཕྱི་ཟླ་༡༠ པའི་བདུན་ཕྲག་མཐའ་མའི་ནང་འཚོག་སྲོལ་ཡོད་པའི་རྒྱལ་སྤྱིའི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་( Asia-Pacific International Film Festival) དེ་ནི་ཕྱི་ལོ ༢༠༠༣ ལོར་ཐོག་མར་མགོ་བཙུགས་ཡོད་ཅིང་། འདི་ལོའི་གློག་བརྙན་དུས་སྟོན་དེའི་ཕུལ་བྱུང་གློག་བརྙན་རྣམས་འདི་ལོའི་ཟླ ༦ ནས་ཐོ་འགོད་དང་འདེམས་སྒྲུག་བྱེད་མགོ་བཙུགས་ཡོད་པ་དང་། དུས་སྟོན་ཐོག་འདེབས་སྒྲུག་བྱས་ཟིན་པའི་གློག་བརྙན་ཁག་གི་ནང་ནས་གློག་བརྙན་ཡག་ཤོས་དང་འཁྲབ་ཁྲིད་ཡག་ཤོས། འཁྲབ་སྟོན་པ་ཡག་ཤོས་སོགས་ལ་གཟེངས་རྟགས་སྤྲད་སྲོལ་ཡོད་འདུག
གསར་འགོད་པ། དཔལ་ལྡན།