ཀིརྟི་ཚང་གི་སློབ་བརྒྱུད་ཐུན་མོང་ནས༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་རྣམ་པ་ཚོས་བརྟན་བཞུགས་ཕུལ་བ་ཡིན་དུས་ང་རང་གིས་རྒྱུན་དུ་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐོག་དོ་སྣང་བྱས་ཏེ་ང་རང་ཚེ་རིང་པོར་སྡོད་ཐུབ་པར་འབད་བརྩོན་གང་ཡོང་བྱ་རྒྱུ་ཡིན་ཞེས་གསུངས་སོང་།
ཕྱི་ཟླ་ ༨ ཚེས་ ༨ ཉིན་རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་བོད་ལུགས་ལྟར་ན་དགུང་གྲངས་བརྒྱད་ཅུ་གྱ་གཅིག་དང་། ཕྱི་ལུགས་ལྟར་ན་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་སྐར་དང་བསྟུན། ཞོགས་པར་བཞུགས་སྒར་ངྷ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོགས་ཁང་དུ། བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་ཀིརྟི་ཚང་གི་སློབ་བརྒྱུད་སེར་སྐྱ་ཐུན་མོང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཇོ་ནང་རྒྱལ་ཚབ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག དེ་བཞིན་གཙོས་གསེར་ཁྲི་རིན་པོ་ཆེ་མཆོག་དང་། མཆོག་རྩེ་གསེར་ཁྲི་རིན་པོ་ཆེ་ཁྲི་ཡོངས་འཛིན་གྱི་སྐུ་ཕྲེང་ལྔ་པ་རྗེ་བཙུན་བསྟན་འཛིན་མཆོག་རབ་རིན་པོ་ཆེ་མཆོག དེ་བཞིན་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་པ་རྣམས་དང་། མདོ་སྨད་ཀྱི་བཀའ་བློན་དང་བཀའ་ཟུར། སྤྱི་འཐུས་དང་སྤྱི་ཟུར། དགོན་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། དྷ་ས་ཁུལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆེད་དུ་བཅར་བའི་སེར་སྐྱ་མི་མང་བཅས་འཛོམས་འདུག
༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བརྟན་བཞུགས་གསོལ་འདེབས་ཆེད། བྱེས་པ་གྲྭ་ཚང་གི་སློབ་དཔོན་ཆེན་མོ་རེ་མདོ་སེངྒེ་ལགས་ནས་བརྩམས་གནང་བའི་<<རིག་གཞུང་ནོར་བུའི་སྐར་ཚོམས།>> ཞེས་བྱ་བ་དེབ་ཕྲེང་བཅུ་གཅིག་གི་བདག་ཉིད་ཅན་ཞིག་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཞལ་འབྱེད་གནང་སོང་ལ། དེ་བཞིན་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་དང་འབྲེལ་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་ཞུ་རྟེན་དུ་ཆེད་དུ་བཞེངས་པའི་«གསེར་གྱི་དྲན་རྟེན།»དེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་འབུལ་བཞེས་གནང་སོང་།
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་ལ་ལུགས་གཉིས་བླང་དོར་གྱི་བཀའ་སློབ་སྩལ་སྐབས་། རྩོམ་པ་པོ་རེ་མདོ་སེངྒེས་དུས་ཡུན་རིང་པོ་ཞིག་ལ་འབད་པ་ཆེན་པོས་དེང་རབས་སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཆོས་དང་རིག་གཞུང་གཉིས་ཀའི་ཐོག་ལ་རྩོམ་ཡིག་མང་པོ་སྤེལ་བ་དེ་ཞེ་དྲགས་བསྔགས་བརྗོད་བྱེད་རྒྱུའི་ཡུལ་རེད། ལྷག་པར་དུ་བརྟན་བཞུགས་དང་མཉམ་དུ་དབུ་འབྱེད་གནང་བ་དེ་དངོས་གནས་ལྟ་རུང་བ་ཞིག་རེད། བླ་མ་མཉེས་པའི་བྱ་བ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྒྲུབ་དགོས་རྒྱུ་དང་། དེ་ཡང་བླ་མའི་གདམས་ངག་ཕྱི་རོལ་གྱི་འདུལ་བྱའི་དོན་དུ་ཡིད་འཇོག་བྱ་ཐུབ་པ་དེ་བཀའ་སྒྲུབ་པའི་ནང་ནས་གཙོ་བོ་ཞིག་རེད། དེ་ནི་བརྟན་བཞུགས་ཀྱི་འབུལ་བའི་ཆ་ཤས་ནང་ནས་འོས་ཞིང་འཚམ་པ་དང་ཕུན་སུམ་ཚོགས་པ་དེ་རེད་བསམ་གྱི་འདུག ངས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཞེས་གསུངས་སོང་།
ཡང་༧ཟམ་གདོང་རིན་པོ་ཆེ་མཆོག་ནས་བྱེས་པ་གྲྭ་ཚང་ཞེས་པ་དེ་དགེ་འདུན་གྱི་སྡེ་ཞིག་རེད། དགེ་འདུན་གྱི་སྡེ་ཞེས་པ་ག་འདྲ་ཞིག་ཆགས་ཀྱི་ཡོད་རེད་ཟེར་ན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་སློང་དང་དགེ་ཚུལ་སོགས་རབ་བྱུང་གི་སྡེ་མཚམས་གཅིག་ཏུ་འདོད་པ་དེ་ལ་གྲྭ་ཚང་དང་། གདན་ས། དགོན་པ་ལ་སོགས་པའི་ཐ་སྙད་ཐོགས་ཀྱི་ཡོད། སངས་རྒྱས་ཀྱི་རབ་བྱུང་བའི་བྱ་བ་སློབ་པ་ཐོས་བསམ་དང་། སྤོངས་པ་བསམ་གཏན་བྱ་བ་ལས་མེད་རེད། བསྟན་པ་འཛིན་པའི་བྱ་བ་ལའང་དེ་གཉིས་ལས་གཞན་མེད་པ་ཐག་གིས་བཅད་ནས་བཤད་ཐུབ། ང་ཚོས་བླང་དོར་གྱི་གཞི་བཅོལ་ས་ཆགས་ཀྱི་འདུག ཐོག་མར་ཚུལ་ཁྲིམས་སྡོམ་པ་རྣམ་པར་དག་པ་སྲུང་། དེའི་ཐོག་ལ་ཐོས་པ་ཡག་པོ་བྱས། ཐོས་པ་དེ་བསམ་བྱུང་དང་སྒོམ་བྱུང་གི་ཤེས་རབ་ཏུ་འགྱུར་ནས་འགྲོ་བ་དེ་ལུགས་གཉིས་བླང་དོར་གྱི་ཐམས་ཅད་བསྡུས་པ་ཡིན་ན། དེའི་ནང་དུ་འདུས་པ་ཡིན་ཙང་། ཚང་མས་གོམ་པ་རྒྱག་རྒྱུར་རེ་བ་ཞུ་བཞིན་ཡོད། ཞེས་གསུངས་སོང་།
མཇུག་ཏུ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ལ་བཀའ་སློབ་ལམ་སྟོན་གནང་དོན། དེ་རིང་བརྟན་བཞུགས་འབུལ་མཁན་ཚོགས་སྡེ་སོགས་སྡེ་ཚན་མ་འདྲ་བ་བཅོ་ལྔ་ཡོད་འདུག། ཁྱེད་ཚོས་དཀའ་ལས་བརྒྱབ། འགྲོ་སོང་བཏང་སྟེ་དད་པ་དང་དམ་ཚིག་བརྟན་པོའ་ིཐོག་ནས་བརྟན་བཞུགས་ཕུལ་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་བོད་ནང་གི་འབྲེལ་ཡོད་མང་ཚོགས་ཀྱིས་དཀའ་ངལ་སྣ་ཚོགས་ཡོད་མེད་ལ་མ་ལྟོས་པར། སེམས་གཏིང་གི་རེ་བའི་ཐོག་ནས་ང་ཚེ་རིང་པོར་སྡོད་རྒྱུར་རེ་བ་བརྒྱབ་ནས་སོ་སོའོ་ངོས་ནས་བརྟན་བཞུགས་འབུལ་གྱི་ཡོད་པ་ཡིན་དུས། ང་ཚོའི་བར་ལ་ལས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཡིན་དུས་རྣམ་པ་ཚོའི་བརྟན་བཞུགས་ལ་ནུས་པ་དམིགས་བསལ་བ་ཞིག་ཡོད་པ་རེད། ངའི་ངོས་ནས་ད་དུང་ཡང་ཚེ་རིང་པོར་སྡོད་རྒྱུར་སྨོན་ལམ་བརྒྱག་གི་ཡིན། རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཆུང་དུས་བོད་ནང་དུ་ཡོད་སྐབས་དགོན་སྡེ་དང་ལྷ་སྡེ་མང་པོ་ཞིག་ལ་སྐོར་བ་བརྒྱབ་ནས་འགྲོ་བའི་སྐབས། མི་མང་པོ་ཞིག་གིས་མིག་མིག་ཆུ་དང་མ་བྲལ་བར་བྱས་ཏེ་ང་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་ངས་གསལ་པོ་དྲན་གྱི་འདུག ཕྱི་ལོ་ ༡༩༨༤ ལོར་ང་བོད་ནང་ལྟ་སྐོར་དུ་འགྲོ་བའི་སྐབས་སུའང་འབྲེལ་ཡོད་མང་ཚོགས་ཀྱིས་སེམས་གཏིང་ནས་མིག་མིག་ཆུ་དང་མ་བྲལ་བར་ཞུས་ཏེ་ང་ལ་རེ་བ་བརྒྱབ་པ་དང་། རྒྱ་གར་ནང་གཉེན་འཕྲད་ལ་ཡོང་མཁན་ཚོས་མིག་ཆུ་བཏང་ནས་རེ་བ་བརྒྱབ་པ་ནང་བཞིན་ངའི་ངོས་ནས་ཁོང་ཚོར་ཕན་ཐོགས་པའི་བྱ་བ་ཆེན་པོ་གང་ཡང་བྱེད་ཐུབ་མེད་ནའང། ང་རང་གིས་ད་ལྟའི་བར་དུ་གང་ཐུབ་ཐུབ་ཅིག་བྱས་ཡོད། འབྲེལ་ཡོད་དགོན་གྲོང་ཡོངས་རྫོགས་ཀྱིས་ངའི་གང་བཤད་པ་ལ་རྒྱབ་སྐྱོར་གནང་སྟེ་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར།འགྲིག་ལམ་ཀུན་སྤྱོད། དེ་བཞིན་དུ་མང་ཚོགས་ཀྱི་ངོས་ནས་སྡིག་སྤོང་དགེ་སྒྲུབ་དང་ཡ་རབས་སྤྱོད་བཟང་བྱ་རྒྱུས་མཚོན་པའི་ངས་གང་བཤད་པ་ལ་ཉན་ཏེ་ཧུར་ཐག་འབད་ཐག་གནང་སོང། དཔེར་ན། བསླབ་བྱ་སོ་གཉིས་གསེར་བྲིས་བྱས་ཏེ་ཤིན་ཏུ་ནས་བརྩི་མཐོང་ཆེན་པོ་གནང་སོང་། ཁོང་ཚོས་ད་བར་དུ་ཧུར་ཐག་འབད་ཐག་གནང་བ་དང། ང་ལ་རེ་བ་ཆེན་པོ་བརྒྱབ་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་པ་ལ་བརྟེན་ནས་ང་ཚེ་རིང་པོར་གནས་ཀྱི་རེད་བསམ་གྱི་འདུག འོན་ཀྱང་ང་མ་ལག་རྡུམ་མ་ལྟར་ཆོས་སྲིད་གཉིས་ཀའི་ཐད་ནས་ནུས་པ་མེད་མཁན་ཞིག་ཡིན་ནའང། སོ་སོའི་ངོས་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་ལ། འབྲེལ་ཡོད་མང་ཚོགས་རྣམས་ངའི་སེམས་ནས་ནམ་ཡང་བརྗེད་ཀྱི་མེད། ཐ་ན་རྨི་ལམ་ཚུན་ཆོད་དུ་བོད་ནང་གི་འབྲེལ་ཡོད་མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་བྱ་བ་ལ་བསམ་བློ་འཁོར་ཡོང་གི་འདུག རྣམ་པ་ཚོས་བརྟན་བཞུགས་ཕུལ་བ་ཡིན་དུས་ང་རང་གིས་རྒྱུན་དུ་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐོག་དོ་སྣང་བྱས་ཏེ་ང་རང་ཚེ་རིང་པོར་སྡོད་ཐུབ་པར་འབད་བརྩོན་གང་ཡོང་བྱ་རྒྱུ་ཡིན། ཞེས་གསུངས་སོང་།
ཡང་རིན་པོ་ཆེ་མཆོག་ནས་མུ་མཐུད། ངས་བཤད་རྒྱུ་གཙོ་བོ་ཞིག་ནི། འབྲེལ་ཡོད་རྒྱ་མིའི་ལས་བྱེད་ཚོའི་ངོས་ནས་ངའི་སྐྱེས་སྐར་ལ་ཁ་གཡར་ནས་བོད་ནང་གི་འབྲེལ་ཡོད་མང་ཚོགས་ལ་དཀའ་ངལ་ཐོལ་བ་ཞིག་མི་སྤྲོད་པའི་རེ་བ་ཞུ་ཡི་ཡོད། འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་མང་ཚོགས་ལ་གནོན་བཙིར་དང་དཀའ་ངལ་སྤྲད་པས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། འབྲེལ་ཡོད་མང་ཚོགས་ལ་བཙིར་གནོན་དང་དཀའ་ངལ་ཐོལ་བ་མེད་པ་ཞིག་གནང་རོགས་ཞེས་རེ་བ་ཞུ་ཡི་ཡོད། དེ་བཞིན། ང་ལོ་བརྒྱད་ཅུ་ཐམ་པ་ལོན་པའི་བར་དུ་ཆོས་སྐྱོང་སྲུང་མ་ཚོ་ཡིན་ན་ཡང་ང་ལ་གྲོགས་དང་འཕྲིན་ལས་མིག་མཐོང་ལག་ཟིན་ཡོད་པ་གནང་སོང། དཔེར་ན། ཀིརྟི་ཚང་གི་ཐུན་མོང་མ་ཡིན་པའི་སྲུང་མ་རྒྱལ་ཆེན་རྡོ་རྗེ་དཔའ་བོ་རྩལ་ཡིན་ན་ཡང་རེད། གནས་ཆུང་ཆོས་རྒྱལ་ཆེན་པོ་ཡིན་ན་རེད། (ང་ཚོའི་ཕ་ཡུལ་དུ་གནའ་སྔ་མོ་ནས་གནས་ཆུང་ཆོས་རྒྱལ་གྱི་སྐུ་རྟེན་ཡང་ཡོད་པ་རེད།) འབྲེལ་ཡོད་སྲུང་མ་རྣམས་ཀྱིས་གྲོགས་འཕྲིན་ལས་ཐུན་མོང་མ་ཡིན་པ་ཞིག་བསྒྲུབས་སོང། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཆོས་སྐྱོང་སྲུང་མ་རྣམས་ལའང་ཐུགས་རྗེ་ཆེ་ཞེས་༸སྙན་སེང་ཞུ་ཡི་ཡིན།ཞེས་གསུངས་སོང་།
༧སྐྱབས་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་ངྷ་ས་ཁུལ་དུ་ལོ་ལྟར་སྨན་སྦྱིན་གཏོང་སྲོལ་ཡོད་པ་ལྟར། ཁ་སང་བདེ་ལེགས་སྨན་ཁང་དང་། སྨན་རྩིས་ཁང་གི་དབུས་དང་ཡན་ལག ནོར་གླིང་ཁྱུ་གསར་སྨན་ཁང་། ཤུག་གསེབ་ཀྱི་བོད་སྨན་ཁང་བཅས་སུ་རིན་མེད་སྨན་སྦྱིན་གནང་བཞིན་ཡོད་པ་དང་། དེ་བཞིན་སྨན་ཁང་དུ་ཉལ་མུས་ཀྱི་ནད་པ་རྣམས་ལ་སྙན་གསོའི་འདྲི་རྟེན་དང་བཞེས་ལག བྱམས་པ་གླིང་རྒས་གསོ་ཁང་དུ་ཉིན་འཁྱོངས་བཞེས་ལག་དང་ལག་དངུལ། བཅུད་ལྡན་ཟས་རིགས་བཅས་སྦྱིན་གཏོང་གནང་ཡོད་འདུག
བྱམས་པ་ཚེ་རིང་།