མཚོ་སྔོན་གསེར་ཁོག་རྫོང་ཁོངས་སུ་གློ་བུར་དུ་ཆུ་ལོག་གནོད་སྐྱོན་བྱུང་སྟེ་ཉུང་མཐར་མི་གྲངས་ ༡༦ རྐྱེན་འདས་དང་མི་ ༣༧ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
མདང་དགོང་མཚན་གུང་བོད་ནང་གི་ཆུ་ཚོད་ ༡༠།༣༠ ཙམ་ལ། ཟི་ལིང་གྲོང་ཁྱེར་ནས་སྤྱི་ལེ་ ༤༤ ཙམ་ཡོད་པའི་གསེར་ཁོག་རྫོང་(大通县)་ཁོངས་སུ། གློ་བུར་དུ་ཆུ་ལོག་གནོད་སྐྱོན་བྱུང་སྟེ། དེ་རིང་ཉིན་གུང་བར་དུ་ཉུང་མཐར་མི་གྲངས་ ༡༦ རྐྱེན་འདས་དང་། མི་ ༣༧ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཉིན་བསྟུད་མར་ཆར་ཞོད་ཆེན་པོ་བྱུང་རྐྱེན་རི་ཉིལ་ཆུ་ལོག་བྱུང་ཡོད་པ་དང་། གཞུང་འབྲེལ་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ཆུ་ལོག་ཁྲོད་གསེར་ཁོག་རྫོང་ཁོངས་ཀྱི་ཡུལ་ཚོ་ ༦ གི་སྡེ་མི་ ༦༢༤༥ ཡི་ཁང་པ་དང་ཞིང་ས། སྒོ་ཕྱུགས་སོགས་ལ་གནོད་སྐྱོན་ཐེབས་ཡོད་འདུག
སྤྱི་ཚོགས་དྲ་གནས་ཁག་ཏུ་སྤེལ་བའི་བརྙན་ཐུང་ཁག་གི་ནང་དུ། ཡུལ་ཚོའི་འགྲམ་དུ་ཆུ་ལོག་ཆེན་པོ་རྒྱུག་སྟེ་རླངས་འཁོར་སོགས་ཆུས་འཁུར་བ་དང་། གཞུང་ལམ་སོགས་སུ་འདམ་རྙོག་གིས་ཁེངས་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག་ལ། ཡུལ་མི་ཚོས་གཞུང་ལམ་སོགས་སུ་གཙང་བཟོ་བྱེད་བཞིན་འདུག
ཁ་སྣོན། མདང་དགོང་གསེར་ཁོག་རྫོང་ཛ་དྲག་མྱུར་སྐྱོབ་ཚན་པས་མྱ་ངན་འདུ་འཛོམས་བསྐོངས་ཏེ་བརྗོད་པ་ལྟར་ན། མདང་དགོང་བར་མི་གྲངས་ ༡༧ རྐྱེན་ལམ་དུ་ཤོར་ཡོད་པ་དང་། གར་སོང་ཆ་མེད་དུ་གྱུར་བའི་མི་ ༣༧ ལས་ ༢༠ བསྐྱབས་ཏེ། རྨས་སྐྱོན་ཕོག་པའི་མི་ ༩ ཟི་ལིང་སྨན་བཅོས་སྡེ་ཚོགས་དང་པོའི་ཡན་ལག་སྨན་ཁང་གཉིས་པར་བསྐྱལ་ཡོད་པ་དང་། ད་དུང་གར་སོང་ཆ་མེད་དུ་གྱུར་བའི་མི་ ༡༧ གྱི་འཆི་གསོན་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་དང་། ཆུ་ལོག་ཁྲོད་སྡོད་ཁང་གཉིས་ཆུས་ཁུར་བ་དང་སྡོད་ཁང་བཅུ་བཞིར་གཏོར་བཤིག་ཚབས་ཆེན་ཐེབས་སྐོར་བསྒྲགས་འདུག
བྱམས་པ་ཚེ་རིང་།