བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་མང་རྫོང་གི་འབྲོག་སྡེ་ཁག་ཅིག་ཏུ་སེར་བ་དང་དྲག་ཆར་བབས་ནས་ཆུ་ལོག་རྒྱུག་སྟེ་ཉུང་མཐར་མི་ ༥ རྐྱེན་འདས་དང་ནོར་ལུག་ ༢༠༠༠ ལྷག་ལ་འཆི་སྐྱོན་བྱུང་ཡོད་འདུག
འདས་པའི་ཉིན་ཤས་ནང་བོད་བླ་བྲང་ཕྱོགས་དང་། རེབ་གོང་། གཅན་ཚ་རྫོང་། མཚོ་ཤར་ས་ཁུལ། མཚོ་ལྷོ་ཁུལ་གྱི་ས་ཁུལ་ཁག་ཅིག་ནང་སེར་བ་དང་དྲག་ཆར་བབས་རྐྱེན་ཆུ་ལོག་རྒྱུག་སྟེ་ཚད་རིམ་འདྲ་མིན་གྱི་གནོད་སྐྱོན་ཐེབས་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་གི་སྟོད་ཕྱོགས་ཀྱི་འབྲོག་ཁུལ་གོང་བ་སྡེ་བ་དང་རུ་མང་སྡེ་བ་གཉིས་ཀྱི་དབྱར་སའི་སྤེན་ཆེན་དང་སྤེན་ཆུང་ཞེས་པའི་ལུང་གཞུང་དུ། ཆུ་ཚོད་ ༩ པ་ཙམ་ནས་ཆུ་ཚོད་གཅིག་ཙམ་བར་སེར་བ་དང་དྲག་ཆར་བབས་རྐྱེན་ཆུ་ལོག་རྒྱུག་སྟེ་མི་རྒྱུ་གཉིས་ཀར་གནོད་འཚེ་ཚབས་ཆེན་ཐེབས་ཡོད་འདུག
དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས། ད་ལན་གནོད་འཚེ་ཐེབས་ས་གཙོ་བོ་མང་རྫོང་གོང་བ་སྡེ་བ་དང་རུ་མང་སྡེ་བའི་དབྱར་ས་སྤེན་ཆེན་དང་སྤེན་ཆུང་ཞེས་པའི་ལུང་པ་གཉིས་རེད་འདུག ལུང་པ་དེ་གཉིས་ནང་ཡོད་པའི་འབྲོག་ཁྱིམ་ཁག་ནས་ཉུང་མཐར་ནོར་ལུག་ ༢༠༠༠ ལྷག་ལ་འཆི་སྐྱོན་བྱུང་ཡོད་པ་མ་ཟད། གོང་བ་སྡེ་བའི་སྐྱེས་པ་ ༢ དང་བུད་མེད་ ༣ བཅས་མི་ ༥ ཆུ་ལོག་དང་སེར་བས་གནོད་སྐྱོན་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། དེའི་ནང་དུ་རང་ལོ་ ༨ ཅན་གྱི་བུ་མོ་ཆུང་ཆུང་ཞིག་ཀྱང་ཡོད་འདུག ཆུ་ལོག་ཆེན་པོ་བྱུང་སྐབས་ལུང་གཞུང་གི་འབྲོག་མང་རྣམས་རི་མགོར་བྲོས་ཏེ་སྲོག་ཉེན་ལས་ཐར་ཙམ་བྱུང་ཡོད་ཀྱང་། སྡོད་གུར་དང་རྒྱུ་དངོས་སོགས་ལའང་གནོད་སྐྱོན་ཆེན་པོ་ཐེབས་ཡོད་སྐོར་བརྗོད་བྱུང་།
ཡང་ཁོང་གིས། སེར་བ་དང་དྲག་ཆར་གྱི་གནོད་འཚེ་ཆེན་པོ་འདི་འདྲ་བྱུང་ཡོད་ཀྱང་། འབྲེལ་ཡོད་སྲིད་གཞུང་ནས་སྔོན་བརྡ་སོགས་གང་ཡང་འབྱོར་མེད་ལུགས་དང་། གནོད་སྐྱོན་བྱུང་རྗེས་ཀྱང་རྫོང་དང་ཡུལ་ཚོའི་དཔོན་པོ་དང་རོགས་སྐྱོབ་རུ་ཁག་དུས་ཐོག་ཏུ་བསླེབས་མེད་སྟབས། ས་གནས་མང་ཚོགས་ཀྱིས་རང་མགོ་རང་ཐོན་གྱིས་ཕན་ཚུན་རོགས་རེས་བྱས་ཏེ་སེམས་ཅན་སྲོག་མགོ་ཐོན་ཡོད་པ་རྣམས་ལ་བདག་པོ་བརྒྱབ་པ་དང་། འཆི་སྐྱོན་བྱུང་བའི་ནོར་ལུག་གི་ཕུང་པོ་རྣམས་བསྡུ་རུབ་བྱས་ཏེ་ཛ་དྲག་མྱུར་སྐྱོབ་བྱས་ཡོད་སྐོར་དང་། ད་ལྟའང་འབྲོག་སྡེ་ཁག་གི་སེམས་ཅན་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་འཕར་ཉེན་ཡོད་སྐོར་བརྗོད་བྱུང་།
འདས་པའི་ལོ་གཉིས་ལ་བསྟུད་མར་འབྲོག་སྡེ་དེ་རྣམས་ཀྱི་ནོར་ལུག་གི་རིན་གོང་མར་ཆག་ནས་འབྲོག་པའི་འཚོ་བར་གྱོང་གུད་ཆེན་པོ་ཐེབས་ཡོད་པའི་ཁར། མུ་གེའི་སྒང་ལ་ཟླ་ལྷག་ཟེར་བ་ལྟར་ཏོག་དབྱིབས་གཉན་རིམས་ཀྱིས་འགྲོ་འོང་བཀག་སྡོམ་ཆེ་བ་དང་། དྲག་ཆར་དང་སེར་བ་བབས་ཏེ་ཆུ་ལོག་གིས་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། ས་གནས་སྲིད་གཞུང་དང་ཞིང་ཆེན་ནས་མང་ཚོགས་ལ་རོགས་སྐྱོར་ཡོང་བའི་རེ་བ་གང་ཡང་མེད་སྐོར་བརྗོད་ཀྱི་འདུག
བྱམས་པ་ཚེ་རིང་།