སྲིད་སྐྱོང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་ཐུབ་པར་ཐབས་ལམ་བསྟན་པའི་ཐོག་ནས་བཀའ་མོལ་གསུངས་དགོས་པ་མ་གཏོགས། མ་འོངས་པར་གནས་སྟངས་ཇི་ཆགས་ཀྱི་འགན་དེ་བཀའ་ཤག་གཅིག་པོས་འཁུར་རྒྱུ་མིན་སྐོར་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་གྲོས་ཚོགས་ཀྱི་ལས་ཉིན་ ༦ པའི་སྟེང་ཞིབ་འཇུག་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་སྐོར་གྱི་ཞིབ་འཇུག་སྙན་ཐོ་གྲོས་ཚོགས་ལ་སྙན་སྒྲོན་ཞུས་སོང་བར། བོད་མི་མང་སྤྱི་འཐུས་བཅུ་གཅིག་གིས་བགྲོ་གླེང་ནང་ཆ་ཤས་བླངས་ནས། འཛིན་སྐྱོང་བཀའ་ཤག་དང་ཞིབ་འཇུག་ཚོགས་ཆུང་གཉིས་ལ་དོགས་འདྲི་དང་དགོངས་འཆར་སོགས་གསུངས་སོང་།
སྐབས་དེར་སྲིད་སྐྱོང་མཆོག་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནད་དོན་འདི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་སུ་དྲི་བ་སླེབས་པར་བརྟེན་ནས་བཀའ་ཤག་གིས་ལན་འདེབས་ཞུས་པའི་ནང་དོན་ལ་སྤྱི་འཐུས་རྣམས་ཀྱི་དགོངས་ཚུལ་གསུངས་པ་དང་།བཀའ་ཤག་དང་གྲོས་ཚོགས་གཉིས་དགོངས་པ་གཅིག་མཐུན་མ་བྱུང་བའི་རྐྱེན་གྱིས་ཞིབ་འཇུག་བྱེད་དགོས་བྱུང་ནས། གྲོས་ཚོགས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཞིབ་འཇུག་བྱས་པའི་ཁེ་ཉེན་གྱི་སྙན་ཐོ་བཏོན་ཡོད་པ་རེད།
དེ་རིང་བཏོན་པའི་སྙན་ཐོའི་ནང་དོན་གོ་རྟོགས་ཇི་མ་ཇི་བཞིན་བྱུང་ཡོད་མེད་སེམས་འཚུབ་བྱུང་། བཀའ་ཤག་གིས་སྐབས་སྔོན་མའི་གྲོས་ཚོགས་སུ་ཤོག་ལྷེ་ ༡༣ ཅན་གྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་བསྡོམས་རྒྱས་པ་ཞིག་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཕུལ་ཟིན། དེའི་ནང་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཞིབ་འཇུག་མ་བྱས་པ་དང་སྣང་ཆུང་བཏང་བ་རྩ་བ་ཉིད་ནས་མིན་པར། དེ་དུས་བཀའ་ཤག་གིས་ཞུས་པའི་གནད་དོན་ཆ་ཚང་དེ་རིང་གི་སྙན་ཐོའི་ནང་དུ་སླེབས་འདུག ཡིན་ནའང་སྡོམ་རྒྱག་སྟངས་ལ་ཁྱད་པར་ཡོད་པ་རེད། ཅེས་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས། ད་ཐེངས་ཀྱི་སྙན་ཐོའི་ནང་དོན་མང་ཤོས་ནི་ར་ཧུལ་ཇོ་ཤིས་བཤད་པ་ལ་གཞི་བཅོལ་ཡོད། དེ་ནི་ཞིབ་འཇུག་ཚོགས་ཆུང་གི་དགོངས་པ་ཡིན་ཡང་། ར་ཧུལ་ཇོ་ཤིས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཅི་ཙམ་ཤེས་ཀྱི་ཡོད་མིན་ཤེས་དགོས་པ་གལ་ཆེན་དང་། ར་ཧུལ་གྱིས་འགན་འཛིན་ལྷན་ཚོགས་ཀྱི་ཚིག་ཐོའི་ནང་དུ་ཚོགས་པ་དེ་ཉིད་ཡར་རྒྱས་ཡོང་རྒྱུའི་རེ་བ་མེད་པ་དང་། ལས་དོན་སྒྲུབ་ཕྱོགས་འདོད་བློ་མ་ཚིམ་པའམ། ཁེ་ལས་དོན་གཉེར་ཁང་ཞིག་གི་བྱ་བ་སྒྲུབ་མི་ཐུབ་པའི་རྣམ་པ། ཡང་ན་ཚོང་ལས་འཁོར་རྒྱུག་བཟང་པོ་མི་ཡོང་བ་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱུང་མི་འདུག་ཞེས་པར་གཞི་བཅོལ་ཡང། འགན་འཛིན་ལྷན་ཚོགས་ཀྱི་ཚིག་ཐོའི་ནང་དུ་ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ ཟླ་ ༣ ཚེས་ ༣༡ བར་དངུལ་གྱི་མ་རྩ་བརྒྱ་ཆ་༥༠ བུ་ལོན་སྤྲད་མ་ཐུབ་པའི་དཀའ་ངལ་འཕྲད་གཞི་ལ་བརྟེན་ནས། བཀའ་ཤག་སྐབས་༡༦ པས་ཕྱི་ལོ་ ༢༠༢༡ ཟླ་ ༥ ནང་ལས་འགན་འཁུར་ནས་བཟུང་གནད་དོན་འདིའི་སྟེང་དུ་དོ་སྣང་བྱས་པའི་བརྒྱུད་རིམ་ཁྲོད་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གཡང་གཟར་དུ་གནས་ཡོད་པར་ད་དུང་འགྱུར་བ་གང་ཡང་བྱུང་མེད། འོན་ཀྱང་། གྲོས་ཚོགས་ངོས་ནས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོར་གཟིགས་ཞིབ་ལེགས་པོ་གནང་སྟེ་བགྲོ་གླེང་གནང་གལ་ཆེ་བ་མ་ཟད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་པར་ཐབས་ལམ་བསྟན་པའི་ཐོག་ནས་བཀའ་མོལ་གསུངས་དགོས་པ་མ་གཏོགས། མ་འོངས་པར་གནས་སྟངས་ཇི་ཆགས་ཀྱི་འགན་དེ་བཀའ་ཤག་གཅིག་པོས་འཁུར་རྒྱུ་མིན་སྐོར་སོགས་གསུངས་སོང་།
ཞིབ་འཇུག་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་བྱེད་རྣམས་ནས་དགོངས་པ་ཞུ་དོན་ནི་རང་རང་གི་མ་འོངས་མདུན་ལམ་གྱི་ཆེད་དུ་དགོངས་པ་ཞུས་པ་མ་ཟད། འབྲེལ་ཡོད་དཔལ་འབྱོར་དྲུང་ཚབ་ལགས་ཀྱིས་ཀྱང་ལས་བྱེད་རྣམས་ནས་དགོངས་པ་མི་ཞུ་བའི་རེ་སྐུལ་ཞུས་ཡོད་པར་ཞིབ་འཇུག་ཚོགས་ཆུང་ནས་ངོས་འཛིན་ཞུ་ཡི་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༦ པ་ནས་བཟུང་སྐྱེད་ཀ་ཆེ་བའི་བུན་གཏོང་ལས་གཞི་མཚམས་འཇོག་བྱས་ཡོད་པ་ལས་སྤྱི་ཡོངས་ཀྱི་བུན་གཏོང་ལས་གཞི་སྔར་རྒྱུན་ལྟར་འགྲོ་མུས་ཡིན་པ་དང་། སྙན་ཐོའི་ནང་དུའང་ད་ལྟའི་ཆར་སྤྱི་ཚོགས་ནང་བུན་གཏོང་གནང་བ་ཀ་རོ་དྲུག་གི་སྒང་ཡིན་པ་དང་མང་པོ་ཞིག་ ༢༠༢༤ དང་ ༢༠༢༦ ནང་དུ་སློག་དགོས་པའི་གནས་སྟངས་མཐོང་ཡོད་སྐོར་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྒོ་བརྒྱབ་ཀྱང་མ་བརྒྱབ་ཀྱང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་འཆར་ལ་བརྟེན་ནས་མ་རྩ་ཀ་རོ་ ༣༣ བྱུང་ཡོད་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་མིན་གྱི་ཐག་གཅོད་གྲོས་ཚོགས་ནས་བླང་དགོས་པ་དང་། གལ་སྲིད་མུ་མཐུད་གནས་དགོས་ཚེ་ཆེད་མཁས་ལས་བྱེད་རག་གི་ཡོད་མེད་བཤད་ཚོད་མི་ཐིག་ནའང་། ད་ཡོད་ལས་བྱེད་གསུམ་ལས་གཉིས་དང་དེ་སྔའི་ལས་བྱེད་ཟུར་པ་ཚང་མའི་ལག་འཁྱེར་དེ་ཆེད་མཁས་པའི་ལག་འཁྱེར་དང་གཅིག་མཚུངས་ཡིན་སྐོར། དེ་བཞིན། མཐའ་དོན་ཞིབ་འཇུག་ཚོགས་ཆུང་ངོས་ནས་སྙན་ཐོའི་ནང་བཀོད་པ་དག་ཚོགས་ཆུང་རང་གིས་གང་མཐོང་བ་དང་གང་ཤེས་པ། ཆེད་མཁས་པའི་ཚིག་ཐོ་སོགས་བཀོད་པའི་སྤྱི་མོས་བྱུང་བའི་སྙན་ཐོ་ཞིག་ཡིན་པ་ལས། ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་རྣམས་ལ་དཔལ་འབྱོར་རིག་པ་དང་དངུལ་ཁང་གི་སྐོར་ལ་ཤེས་རྟོགས་གཏིང་ཟབ་མེད་པས། ད་རེས་གྲོས་ཚོགས་ར་བ་ནས་རྒྱབ་གཉེར་ག་འདྲ་ཞིག་གནང་རུང་། ཞིབ་འཇུག་ཚོགས་ཆུང་ངོས་ནས་འདི་འདྲ་ཞིག་དགོས་པའི་ཨུ་ཚུགས་གང་ཡང་ཞུ་རྒྱུ་མིན་སྐོར་སོགས་གསུངས་སོང་།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཞིབ་འཇུག་ཚོགས་མི་དང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོའི་སྐོར་ལ་བགྲོ་གླེང་བྱེད་བཞིན་ཡོད་པ་རེད། འདིའི་གོང་ལ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་དྲི་བ་བཏང་བ་དང་། དེ་བཞིན་སྲིད་སྐྱོང་མཆོག་གི་བཀའ་ལན་ཕེབས་པ་རེད། དེ་བཞིན་སྙན་ཐོའི་ནང་ང་ཚོས་གང་ཤེས་པ་དང་གང་མཐོང་བ། གང་ཧ་གོ་བ་དེ་དག་བཀོད་ཡོད། ཚོགས་ཆུང་གི་རྒྱབ་གཉེར་ནང་ཕྱི་ལོ་ ༢༠༢༦ བར་དུ་སྒོ་བརྒྱབ་ཐུབ་པའི་གནས་སྟངས་མི་འདུག རྒྱུ་མཚན་ནི་རྩ་བའི་བུ་ལོན་མང་ཆེ་བ་ཕྱི་ལོ་ ༢༠༢༤ ནང་དུ་བསྡུ་ཡི་འདུག འོན་ཀྱང་། མི་ཚང་གཉིས་ལ་སྒོར་མོ་འབུམ་ ༥༠ རེ་གཡར་ཏེ་ཁྱོན་སྒོར་མོ་འབུམ་ ༡༠༠ གཡར་ཡོད་པར་བརྟེན། མཐའ་མའི་ (installment) ཕྱིར་ལོག་བྱ་རྒྱུ་དེ་ཕྱི་ལོ་ ༢༠༢༦ ཟླ་ ༣ བར་དུ་ཆགས་ཀྱི་འདུག ཅེས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མ་རྩ་དང་རོགས་དངུལ། འགྲོ་སོང་བཅས་ཀྱི་གནས་སྟངས་རེའུ་མིག་གི་ནང་། དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་མ་རྩ་བཙུགས་པ་དང་ཕྱི་རྒྱལ་ཁག་གིས་མ་འཛུགས་གནང་བ་རྣམས་བསྡོམས་ན་འབུམ་ ༧༥༠ མན་ཙམ་ཆགས་ཀྱི་ཡོད་པ་དང་། ཨ་རིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཆེད་དུ་དངུལ་གནང་བ་དེ་སྐྱེད་ཁ་སོགས་བསྡོམས་ཏེ་བྱེ་བ་ ༣༢ ཆགས་ཀྱི་ཡོད་སྟབས། བྱེ་བ་ ༣༢ དང་འབུམ་ ༧༥༠ བསྡོམས་ན་བྱེ་བ་ ༤༠ ཆགས་ཀྱི་ཡོད་ཀྱང་། བྱེ་བ་ ༣༢ དེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་བསླེབས་ཐབས་མེད་པར་དངུལ་དེ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་དུ་ཡོད་སྐོར་གསུངས་སོང་།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཐོག་མར་མགོ་བཙུགས་པའི་སྐབས་སུ་འབུམ་ ༧༥༠ མན་ཙམ་དེ་ཐོག་མའི་མ་རྩ་རེད། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༠ ཡི་བར་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ནི། ད་ལྟ་དངུལ་ཡོད་པ་དེ་འབུམ ༧༩,༦༩༩,༨༨༥།༠༨ རེད། དེ་ཡང་ད་ལྟ་རྩིས་ཞིབ་བྱས་ཡོད་པ་མ་རེད། རྩིས་ཞིབ་འགྲོ་རྒྱུ་རེད། ད་དུང་བུ་ལོན་མང་པོ་བཏང་བའི་ནང་ ༢༠༢༢ ཟླ་ ༨ ཚེས་ ༡༠ བར་དུ་བུ་ལོན་གྱི་གནས་སྟངས་ནི། བུ་ལོན་གཡར་ཏེ་ཕྱིར་སློག་བྱ་བསྡད་ཧིན་སྒོར་ ༦༢,༩༧༣,༢༨༡།༡༩ ཆགསའདུག འདིའི་ནང་དུ་སྐྱེད་ཀ་ཚུད་ཡོད། དེ་ཡང་སྐྱེད་ཀ་ནི་འབུམ་ ༥,༤༩༢,༣༥༢།༥༩ ཡོང་གི་ཡོད་ཅེས་དང་། ཌེལ་སྦག་ (Dalberg) གིས། གལ་སྲིད་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ལས་བྱེད་དང་མགྲོན་ཁང་། ལས་ཤག་སོགས་ཚད་དང་ལྡན་པ་ཞིག་བཟོ་བར། དྷ་རམ་ས་ལ་ (Headquarter) གཅིག་པོ་ལ་སྒོར་འབུམ་ ༩༢ ཀྱི་འགྲོ་སོང་འགྲོ་ཡི་ཡོད་པ་དང་དེ་ནི་ཕྱི་ལོ་ ༢༠༢༡ དང་ ༢༠༢༢ བར་ལ་བཤད་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༢༥ དང་ ༢༠༢༦ བར་ལ་དེའི་འགྲོ་སོང་དེ་བྱེ་བ་གཉིས་དང་ཕྱེད་ཀ་འགྲོ་ཡི་ཡོད་སྐོར་དང་། ད་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་བུ་ལོན་མང་པོ་གཡར་ཡོད་ཀྱང་། བུ་ལོན་ལེན་ཕྱོགས་ཀྱི་ཐོག་ལ་དཀའ་ལས་ཡོད་ཅིང་། ཕྱིར་ལོག་(installment) བྱ་རྒྱུ་དུས་ཐོག་ལ་སྤྲོད་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ། བུ་ལོན་ཕྱིར་སློག་ཐུབ་པར་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་བྱ་རྒྱུའི་ཐབས་ལམ་ཡོད་ཀྱང་། མི་མང་ལ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་དེད་པ་ཡིན་ན། སོ་སོའི་མི་ལ་ཁྲིམས་དང་སྒྲིག་གཞི་དེད་ཀྱི་འདུག་ཟེར་ནས། བུ་ལོན་ལེན་ཕྱོགས་ཀྱི་ཐོག་ལ་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་སོགས་གསུངས་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྐོ་འཛུགས་བྱས་པའི་སྤྱི་འཐུས་བཞི་དང་ཆེད་མཁས་པ་གཅིག་བཅས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཇི་ཆགས་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཤོག་ངོ་ ༡༩ ཅན་དེའི་ནང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དགེ་སྐྱོན་གཉིས་ཀྱི་ཐད་ནས་ཞིབ་འཇུག་གྲུབ་དོན་བཏོན་པ་ལྟར་ན།
བཟང་ཕྱོགས་ཀྱི་ནུས་པའི་ནང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་མ་འཛུགས་བྱེད་པོ་བོད་མི་ཚོས་མུ་མཐུད་མ་འཛུགས་བྱ་རྒྱུའི་འདོད་མོས་བསྟན་ཡོད་ཀྱང་། སྲིད་སྐྱོང་མཆོག་གིས་མ་ཤས་བདག་པོ་ཚོར་ཚོགས་པ་སྒོ་མི་རྒྱག་ཀ་མེད་ཡིན་པའི་ཐག་གཅོད་དགོངས་དོན་གསུངས་རྗེས། མ་འཛུགས་ཕྱིར་འཐེན་ལ་ངོས་ལེན་གནང་མཁན་བརྒྱ་ཆ་ ༥༠ དང་ཕྱིར་འཐེན་མི་བྱེད་མཁན་བརྒྱ་ཆ་ ༥༠ བྱུང་ཡོད་པ་དེས། མ་འཛུགས་བྱེད་མཁན་བོད་མི་དེ་དག་ལ་འཚོ་རྟེན་ཞན་པའི་བཙན་བྱོལ་བོད་རིགས་སྤུན་ཟླ་ཚོར་རོགས་པ་བྱེད་པའི་དམ་བཅའ་བརྟན་པོ་ཡོད་པར་མཚོན་ཡོད་པ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དུས་ཐུང་གི་བུན་གཡར་མ་དེབ་ནང་བུན་ནག་ཧ་ལམ་བྱུང་མེད་པ་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ (ICICI)དངུལ་ཁང་བརྒྱུད་མཁོ་སྤྲོད་གནང་བའི་སྐྱེད་ཆུང་བུན་གཡར་ཚད་མཐོ་ཕྱིར་ལོག་བྱུང་བས་འདོད་བློ་ཁེངས་པ་མ་ཟད། བུ་ལོན་ལེན་མཁན་རྣམས་ཡིད་བརྟན་དག་སྐྱེལ་འཕེལ་བ་ཡིན་པ་དང་དེབ་སྐྱེལ་ཟིན་པའི་བུན་གཡར་ཁང་མཇུག་སྐྱོང་བྱེད་པའི་ཐབས་ལམ་མུ་མཐུད་གནང་ན་དགེ་མཚན་ཆེ་བ། དེ་བཞིན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་དངུལ་ཁང་ལྟ་བུའི་དེབ་སྐྱེལ་ཐོབ་པ་དེས་རྒྱ་གར་དབུས་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གི་གཟིགས་སྣང་ཡག་པོ་ཡོད་པར་བརྟེན། འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ནས་ཚོགས་པ་དེ་ཚགས་ཚུད་ཡོང་བར་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ལྷན་དུ་འབྲེལ་བ་བཟང་དུ་གཏོང་རྒྱུའི་གོ་སྐབས་ཡོད་སྲིད་སྐོར་བརྗོད་འདུག
ཡང་ཞན་ཆའི་ནང་། རང་སྐྱོང་དང་མ་རྩ་མེད་པ། ཆེད་ལས་ལྡན་པའི་ལས་བྱེད་མེད་པ་བཅས་ཡིན་པའི་ཁྲོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་དཔལ་འབྱོར་བསྡུ་རུབ་ཀྱི་རིམ་པ་གཉིས་ཕྱེས་ཏེ་མཁོ་སྒྲུབ་བྱས་པའི་མ་དངུལ་ཐོག ཨ་རིའི་གཞུང་ནས་བྱེ་བ་སུམ་ཅུ་ཐོབ་ཡོད་ཅིང་། ཨ་རིའི་གཞུང་གིས་དངུལ་འབོར་འབུམ་ ༢༥༠༠ དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་རོགས་དངུལ་གྱི་ངོ་བོར་བཏང་ཡོད་པ་དང་། དངུལ་འབོར་དེ་ད་ལྟའང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་ལྷག་བསྡད་ཡོད་ཅིང་། རྒྱ་གར་གཞུང་གི་ཕྱི་དངུལ་ལེན་སྤྱོད་ཆོག་པའི་ཁྲིམས་ཡིག་ (FCRA-Foreign Contribution (Regulation Act) གི་བཀག་སྡོམ་འོག་དངུལ་འབོར་དེ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མ་དངུལ་དུ་སྤོ་བསྒྱུར་གནང་མ་ཐུབ་པར་ལུས་ཡོད་འདུག་ལ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཁྲིམས་ཐོག་ནས་རང་དབང་ཅན་གྱི་ཚོགས་པ་ཞིག་ཡིན་ཡང་། དོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་མ་ལག་འོག་འཛིན་སྐྱོང་བྱེད་བཞིན་ཡོད་སྟབས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རང་ནུས་གང་ཡོད་ཀྱིས་ལས་དོན་བསྒྲུབ་པའི་ནུས་པར་བཀག་སྡོམ་དང་ཡར་རྒྱས་འགྲོ་བའི་ཆ་རྐྱེན་ལ་འགོག་རྐྱེན་བཟོས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནི་འཛིན་སྐྱོང་གི་ལས་དོན་སྒྲུབ་པའི་སྡེ་ཚན་ཞིག་ཡིན་པ་ལས་བུ་ལོན་སྤྲོད་རྒྱུ་ནི་འཛིན་སྐྱོང་གི་ལས་འགན་ཞིག་མིན་པ་དང་། རྒྱ་གར་ནང་དངུལ་ཁང་ལྟ་བུའི་དེབ་སྐྱེལ་མ་ཐོབ་ཀྱི་བར་དུ་ཚོགས་པ་གང་གིས་ཀྱང་བུ་ལོན་གཡར་གཏོང་གི་ལས་དོན་བྱེད་མི་ཆོག་པ་གསལ་ཡོད་པ་རེད།
ཡང་སྙན་ཐོའི་ནང་ཞིབ་འཇུག་ཚོགས་ཆུང་གི་མཐའ་བསྡོམས་རྒྱབ་གཉེར་དུ། གཅིག གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དམིགས་ཡུལ་དང་འཆར་གཞི་གཞིར་བཟུང་དུས་ཐུང་ནང་ཁྲིམས་ཐོག་ནས་ཆོག་མཆན་རག་ཐུབ་པ་དང༌། དཔལ་འབྱོར་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ལ་དཔག་པའི་མ་རྩ་བསྡུ་རུབ་གང་འཚམ་བྱུང་འདུག ད་དུང་ཡར་རྒྱས་གཏོང་དགོས་པ་དང༌། མ་འདང་པའི་ཆ་མང་པོ་ཡོད་ནའང༌། ཁྲིམས་མཐུན་གྱི་ཐོག་ནས་བུན་གཏོང་ལས་གཞི་དངོས་སུ་སྤེལ་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་ནི་བསྔགས་འོས་སུ་མཐོང་།
གཉིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་བུན་གཏོང་ཆོག་པའི་ཆོག་མཆན་(NBFC)ལག་ཁྱེར་རག་ནས་ལོ་གཅིག་ཙམ་ལས་ཡར་རྒྱས་དང་རྒྱ་བསྐྱེད་གཏོང་རྒྱུའི་གོ་སྐབས་བྱུང་མེད་པ་དང༌། ཕྱི་ལོ་༢༠༢༦ བར་དུ་རང་བཞིན་གྱིས་སྒོ་རྒྱག་ཐབས་མེད་པས། དེའི་བར་འབད་བརྩོན་བྱས་ནས་བསྐྱོད་ན་གྲུབ་འབྲས་ག་འདྲ་ཡོད་མེད་ད་ལྟ་ལས་གསལ་དུ་འགྲོ་ངེས་པས། དེའི་བར་འཛིན་སྐྱོང་གི་ངོས་ནས་དཀའ་ངལ་གང་ཡོད་ལ་གདོང་ལེན་གྱིས་ཡར་རྒྱས་གཏོང་ཆེད་འབད་བརྩོན་གནང་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་འདུག
གསུམ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ད་མུས་བཞིན་བསྐྱོད་པར་འཛིན་སྐྱོང་བྱེད་སྟངས་ཀྱི་ཐོག་ནས་དཀའ་ངལ་ཡོད་ན། གཞུང་སྒེར་མཉམ་འབྲེལ་(PPP-Public Private Partnership)གྱི་རང་སྐྱོང་ཚོང་ལས་སྡེ་ཚན་ཞིག་ཏུ་བསྒྱུར་ཏེ་འགན་འཛིན་ལྷན་ཚོགས་ནང་དཔལ་འབྱོར་བཀའ་བློན་དང༌། དྲུང་ཆེ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་ལས་སྣེ་ཡོད་པའི་ཐོག། རྩ་བས་ལས་དོན་འགན་ཁུར་དང་རྩིས་རྒྱག་བོད་མིའི་སྒྲིག་འཛུགས་ལ་ཞུ་དགོས་ཀྱང༌། ལས་བྱེད་བསྐོ་གཞག་དང་། ལས་བྱེད་པའི་མཐུན་རྐྱེན། ཉིན་རེ་བཞིན་ལས་ཀ་བྱེད་པའི་དུས་ཡུན། ཕོགས་དང་ཐོབ་ཐང་སོགས་མཐུན་རྐྱེན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ད་ཡོད་འགྲོ་ལུགས་ཁག་དང་ཡོངས་སུ་བསྟུན་མི་དགོས་པར་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་ཐུབ་ན་དགེ་མཚན་ཆེ།
བཞི ཕྱི་ལོ་༢༠༢༦ ལོའི་རྗེས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་མུ་མཐུད་གནས་རྒྱུའི་གོ་སྐབས་བྱུང་ན། མ་ཤས་ཀྱི་བརྒྱ་ཆ་༥༡ ལས་མི་ཉུང་བ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛུགས་ཐབས་གནང་དགོས་པ་ནི། ཡུལ་ཁྲིམས་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག་གནས་ཐུབ་པར་གལ་ཆེན་པོར་གྱུར་ཡོད་འདུག
ལྔ། གངས་ལྗོངས་དཔར་འབྱོར་ཞབས་ཞུ་ཁང་ལ་ཨ་རིའི་གཞུང་ནས་གནང་བའི་ཧིན་སྒོར་བྱེ་བ་༣༣ ལ་ཉེ་བ་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་ཡོད་པ་དེ། གདན་ཞུས་ཆེད་ལས་མཁས་པའི་ལམ་སྟོན་གནང་བ་བཞིན་རྒྱ་གར་དབུས་གཞུང་འབྲེལ་ཡོད་ལས་ཁུངས་ལ་དངོས་སུ་ཆོག་མཆན་ཞུས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དུ་གཏོང་རྒྱུར་ཐབས་ཤེས་གང་ཡོད་ཀྱིས་འབད་བརྩོན་ངེས་པར་དུ་གནང་དགོས།
དྲུག ད་བར་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ནས་དཔལ་འབྱོར་གྱི་གནས་བབ་རོགས་ཚོགས་ཁོ་ནར་བརྟེན་ཡོད་པ་དང་། མ་འོངས་པར་རོགས་རམ་མུ་མཐུད་རག་ཐུབ་མིན་གྱི་གནས་སྟངས་ཡོང་བའི་དབང་དུ་བཏང་ན་དཀའ་ངལ་ཆེན་པོ་འཕྲད་གཞི་ཙམ་མ་ཡིན་པར། སྒྲིག་འཛུགས་མུ་མཐུད་ཐུབ་དཀའ་བའི་གནས་སྟངས་ཤིག་ཏུ་འགྱུར་མི་སྲིད་པ་གཏན་ནས་རེད་མི་འདུག། དངུལ་ཁང་ལྟ་བུའི་ཁེ་ལས་རིགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཡོད་དགོས་པ་མ་ཟད། བོད་མི་ན་གཞོན་གང་མང་ཞིག་ཚོང་ལས་ལ་དོ་སྣང་སླེབས་བཞིན་པའི་སྐབས་དེར། སྤྱི་ཚོགས་ནང་ལས་གཞི་འདི་ལྟ་བུ་ཞིག་བསྐྲུན་རྒྱུ་དེ་ད་ལྟའི་དུས་སུ་གནས་བབ་དང་ནུས་པ་གང་ཐད་ནས་སྐབས་སུ་བབ་ཡོད་པ་དེ་དམ་འཛིན་གནང་དགོས་པར་མཐོང་།
བདུན། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཆེད་དུ་ཨ་རིའི་གཞུང་ལ་རོགས་དངུལ་ཞུས་ནས་མ་རྩ་མང་དུ་གཏོང་ཐབས་བྱ་རྒྱུ་དང་། རྒྱ་གར་གཞུང་ནས་རོགས་རམ་གནང་ཐབས་ཡོད་མེད་དང་། དུས་ཡུན་རྒྱས་བཅད་ནང་སྐྱེད་མེད་བུན་གཡར་ཡོང་བའི་སྐྱབས་འཇུག་ཁྲིམས་ལུགས་གཞིར་བཟུང་ཞུས་ནས་གྲུབ་འབྲས་ཡོང་བའི་རེ་བ་ཆེན་པོ་ཡོད་པ་བཅས་ཞེས་འཁོད་འདུག
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མཁེ་ཉེན་ཐོག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མིའི་ནང་བོད་ཀྱི་ཡུལ་མི་མིན་པ་ཕྱི་མི་བསྐོ་བཞག་གནང་བ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསང་བ་ཕྱི་མིའི་ལག་ཏུ་སྤྲད་པ་མ་རེད་དམ་འདིའི་ཐད་མི་མང་ལ་གསལ་བཤད་དུས་ཐོག་གནང་རོགས་།