རྒྱ་ནག་གཞུང་གིས་ཉི་མ་རྫོང་གི་སྔོ་ཆུ་དང་རོང་དམར། ཨ་ཟུར་གྲོང་བརྡལ་བཅས་ནས་ཡིན་པའི་དུད་ཁྱིམ་ ༥༠༠ ཙམ་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་ཡོད་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་རོང་འབྲོག་བོད་མི་མང་ཞིག་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་ནས་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་ས་གནས་མང་པོ་ཞིག་བཙན་བཟུང་བྱས་ནས། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྤྱི་གླིང་དང་གཏེར་ཁ་སྔོག་འདོན་སོགས་བྱེད་མུས་ཡིན་པ་ལྟར། ཕྱི་ཟླ ༧ ནང་རྒྱ་ནག་གཞུང་གིས་ནག་ཆུ་ཁུལ་གྱི་ཉི་མ་རྫོང་གི་སྔོ་ཆུ་གྲོང་བརྡལ། རོང་དམར་གྲོང་བརྡལ། ཨ་ཟུར་གྲོང་བརྡལ། འབྲོང་ཚང་གྲོང་བརྡལ་བཅས་ཀྱི་དུད་ཁྱིམ་ལྔ་བརྒྱ་ཙམ་བཙན་དབང་གིས་ལྷོ་ཁ་རྩེད་ཐང་རྫོང་ཁོངས་སུ་གནས་སྤོར་དུ་བཅུག་སྟེ། གཞིས་སྤོར་བྱས་པའི་བོད་མི་དེ་དག་གི་འཚོ་གནས་ལ་དཀའ་ངལ་འཕྲད་མུས་ཡིན་པ་རེད་འདུག
འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར་ན། གནས་སྤོར་བྱེད་དུ་བཅུག་པའི་ཉི་མ་རྫོང་གི་དུད་ཁྱིམ་ལྔ་བརྒྱ་ཙམ་གྱི་ཕལ་མོ་ཆེ་ནི་འབྲོག་པ་ཡིན་པས་སྒོ་ཟོག་སེམས་ཅན་མང་པོ་ཞིག་འཚོ་རྒྱུ་ཡོད་སྟབས། ཁོང་ཚོས་རྒྱ་ནག་གཞུང་ཕྱོགས་ཀྱི་མི་སྣ་དག་ལ་གནས་སྤོར་བྱ་རྒྱུ་མིན་པའི་རེ་སྐུལ་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མི་དེ་དག་གི་བསམ་ཚུལ་དང་རེ་སྐུལ་ལ་བརྩི་བཀུར་གཏན་ནས་མི་བྱེད་པར། བོད་མི་དེ་དག་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་ཡོད་པ་དང་། གནས་སྤོར་བྱས་པའི་བོད་མི་དུད་ཚང་རེ་རེར་རྒྱ་སྒོར་ཁྲི་གཅིག་རེ་ཡི་རོགས་སྐྱོར་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་མུས་ཡིན་པའི་ཁར། ཕར་ཚུར་འགྲོ་འོང་བཀག་སྡོམ་བྱས་པའི་དབང་གིས། ཁྱིམ་ཚང་དེ་དག་གིས་ནང་མི་རེ་འགའ་རང་ཁྱིམ་དུ་ལྷག་ཡོད་པ་དང་། རེ་འགའ་གནས་སྤོར་བྱ་ཡུལ་དུ་ལྷག་ནས་འཚོ་བར་དཀའ་ངལ་འཕྲད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་ཚོར་རོགས་དངུལ་རྒྱ་སྒོར་ཁྲི་གཅིག་དེའང་སྤྲད་མེད་སྐོར་འགྲེལ་བརྗོད་བྱས་སོང་།
གནས་ཚུལ་མཁོ་སྤྲོད་པས། ད་ལྟ་རྒྱ་ནག་གཞུང་གིས་གནས་སྤོར་བྱས་པའི་ས་དེར་ཁང་པ་ཐེབས་ཆག་འགའ་བརྒྱབ་ཡོད་ཀྱང་། དེ་ནི་དཔལ་འབྱོར་གྱི་ཡོངས་ཁུངས་སོགས་གཏན་ནས་མེད་པའི་ས་སྟོང་ཞིག་ཡིན་པ་མ་ཟད། ཞིང་ལས་འདེབས་འཛུགས་སོགས་ཀྱི་མཐུན་རྐྱེན་མེད་པ་དང་། བོད་མི་ཚོས་བསམ་ཚུལ་སོགས་བཤད་ན། དེ་ནི་རྒྱལ་ཁབ་དང་གོང་རིམ་གྱི་བཀའ་ཡིན་པས་ཁྲིམས་འགལ་ཡིན་ལུགས་དང་། བོད་མི་དེ་དག་གིས་རང་རང་གི་སྒོ་ཟོག་འཚོ་ཉར་བྱེད་མི་ཆོག་པར། རྒྱལ་ཁབ་ཀྱི་བཀའ་རེད་ཟེར་ནས་སྒོ་ཟོག་དེ་དག་རྒྱལ་ཁབ་ཀྱི་མཉམ་ལས་ཟེར་བ་ཞིག་གི་ནང་དུ་འཇུག་ཏུ་བཅུག་ཡོད་སྟབས། ད་ལྟ་རང་རང་གིས་བསགས་པའི་དངུལ་གྱིས་འཚོ་བའི་འགྲོ་གྲོན་འདང་ངེས་ཞིག་གཏན་ནས་མེད་པས། བོད་མི་དེ་དག་ལ་འཚོ་བའི་ཡོང་ཁུངས་གཏན་ནས་མེད་པ་དང་། རྒྱལ་ཁབ་ཀྱི་རོགས་དངུལ་ཟེར་བ་ཡང་སྟེར་གྱི་མེད་པས། ཁོང་ཚོའི་འཚོ་གནས་ལ་དངོས་གནས་དཀའ་ངལ་འཕྲད་མུས་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
ཡང་ཁོང་གིས། རྒྱལ་ཁབ་ཀྱིས་ཁ་ཟས་དང་རོགས་དངུལ་སོགས་སྤྲོད་ཀྱི་མེད་རབས་དང་། ས་གནས་སུ་མཐུན་རྐྱེན་ཞན་རབས་ཀྱི་སྐད་ཆ་སོགས་བཤད་ན། རྒྱལ་ཁབ་ཀྱི་ཁྲིམས་དང་གོང་རིམ་གྱི་བཀའ་ལ་བརྩི་འཇོག་མི་བྱེད་པར་རྩིས་ནས་འཛིན་བཟུང་དང་། གཅར་རྡུང་། ཉེས་པ་སོགས་གཅད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། རང་བྱུང་ཁོར་ཡུག་དང་སྐྱེས་ཁམས་ལ་གནོད་འཚེ་གཏོང་བ་འགོག་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ངོ་ ༨ རིང་ལ། གཞིས་ཀ་རྩེ་དང་ནག་ཆུ། མངའ་རིས་བཅས་ས་ཁུལ་ཆེན་མོ་གསུམ་ནས་རྫོང་ཁག་ ༢༠ དང་། ཡུལ་ཚོ་ ༩༧ གྱི་མི་གྲངས་ཁྲི་ ༡༣ ལྷག་ས་བབ་མཐོ་ས་ནས་དམའ་སར་གནས་སྤོ་བྱེད་པའི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༣ ནང་། རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་སྟོད་ལུང་བདེ་ཆེན་ནས་འབྲོག་མང་ ༡༢༦༨ གནས་སྤོ་བྱས་ཚར་བའི་གནས་ཚུལ་ཡང་བསྒྲགས་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན།