དེ་རིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་མི་ལོ་ ༧༧ འཁོར་བའི་ཉིན་མོ་དང་བསྟུན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་།
དཔེ་དེབ་དབུ་འབྱེད་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ ༧༧ འཁོར་བའི་དུས་ཆེན་ཆགས་ཀྱི་ཡོད་རེད། མཉམ་འབྲེལ་རྒྱལ་ཚོགས་ལྟ་བུ་རྒྱལ་སྤྱིའི་ཚོགས་པ་ཆེན་པོ་ཞིག་བསླེབས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་དེ་ཆགས་ཀྱི་ཡོད་རེད། དེར་བརྟེན། ང་ཚོས་བོད་ཡིག་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་དེ་ཞིབ་ཚགས་པོ་བྱས་ནས་འཁོད་ཡོད་པའི་དེབ་ཅིག་དབུ་འབྱེད་ཞུ་ཡི་ཡོད་རེད། དཔེ་དེབ་འདི་བསྒྱུར་དགོས་པའི་རྒྱུ་མཚན་ནི། བོད་མི་ཚོས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་བཞིན་ཡོད་པ་དེ་ཚོ་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་ནས་ཞུ་གཏུག་བྱེད་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཁྱབ་སྤེལ་བྱེད་ཐུབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པའི་ཁེ་ཕན་མང་པོ་ཡོད་པས་དེབ་འདི་བཏོན་པ་རེད། ད་དུང་ཕྱོགས་གཅིག་ནས་བོད་མི་ཚོ་ཡུལ་དངོས་ལ་ཐོན་ནས་སྐད་འབོད་དང་གོམ་བགྲོད་སོགས་ཀྱི་ལས་འགུལ་མང་པོ་སྤེལ་གྱི་ཡོད་པ་རེད། ཕྱོགས་གཞན་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་ཚོགས་པ་སྒྲིག་འཛུགས་ཆེན་པོ་ཡོད་པར་བརྟེན། འདི་བརྒྱུད་ནས་ང་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱ་རྒྱུ་དང་སྲུང་སྐྱོབ་རག་ཐབས་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་ཐུབ་ན། ང་ཚོར་ཁེ་ཕན་མང་པོ་ཡོང་གི་ཡོད་པས་དེབ་འདི་སྒྱུར་སྒྲིག་བྱས་པ་ཡིན། ཅེས་བརྗོད་སོང་།
དཔེ་དེབ་ངོ་སྤྲོད་དང་འབྲེལ་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། དེབ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཆ་ལ་གཞིར་བཞག་པའི་སྒང་ནས་སྒྱུར་སྒྲིག་བྱས་པ་ཞིག་རེད། དེ་ཡང་དེབ་འདིའི་ནང་གི་བརྗོད་བྱ་གཙོ་བོ་རེ་རེ་རྫོགས་མཚམས་སུ་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་ཞེས་པའི་དུམ་མཚམས་ཐུང་ཐུང་རེ་བསྣན་ཡོད་རེད་ལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཞིབ་བཤེར་བྱས་པ་དང་། བོད་དང་འབྲེལ་བའི་གནད་དོན་གླེང་སློང་བྱས་པ་རྣམས་ཟུར་འདོན་བྱས་ཡོད་སྐོར་དང་། རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཆིངས་ཆེ་ཁག་བཅུ་ནས་བརྒྱད་ལ་མིང་རྟགས་བརྒྱབ་སྟེ་ལག་བསྟར་ཁས་ལེན་བྱས་ཡོད་རེད་དེ། དོན་དངོས་སུ་ཚུལ་བཞིན་འགྲོ་ཐུབ་ཀྱི་མེད། འོན་ཀྱང་རྒྱ་ནག་ལྟ་བུར་མཚོན་ན། རྒྱལ་སྤྱིའི་ཁྲིམས་ལ་བརྩི་ཡི་མེད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ལའང་བརྩི་ཡི་མེད་ཅིང་། གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་ལའང་བརྩི་ཡི་ཡོད་མ་རེད། གང་ལྟར་རེ་བ་ཆུང་ཆུང་ཞིག་ཡོད་རུང་། ང་ཚོས་གོ་སྐབས་དེ་ངེས་པར་དུ་བཟུང་ནས་དེའི་ཐོག་ལ་འགྲོ་དགོས་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།
གསར་འགོད་པས་དེབ་འདིའི་ཚན་པ་རེ་རེའི་ནང་དུ་བོད་དང་འབྲེལ་བའི་གནས་ཚུལ་སྦྱར་ཡོད་པའི་ནང་བོད་དང་འབྲེལ་བའི་གནད་དོན་གལ་ཆེ་ཤོས་ག་རེ་ག་རེ་སྦྱར་ཡོད་སྐོར་དྲིས་པར། ཁོང་གིས། རྒྱ་ནག་ལ་ཞིབ་བཤེར་བྱེད་པའི་སྐབས་སུ་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་ཟེར་བའི་ནང་ལོགས་ལ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྐོར་གྱི་ཐོབ་ཐང་། རིགས་རུས་དབྱེ་འབྱེད་སྐོར་སོགས་བོད་ཀྱི་གནད་དོན་སྐོར་ལ་གླེང་སློང་ཇི་ཙམ་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད། དེའི་སྐོར་ལ་བཀོད་པའི་རྒྱུ་མཚན་གཙོ་བོ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་དང་བོད་ཀྱི་གནད་དོན་ཐོག་ལ་རྒྱ་ནག་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་རྐྱེན་གྱིས་དཀའ་ངལ་ཡོང་གི་ཡོད་ཀྱང་། གནད་དོན་བྱེ་བྲག་གི་ཐོག་ལ་བབས་པའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་གནད་དོན་མང་པོ་ཞིག་ངོས་ལེན་དང་གླེང་སློང་བྱེད་ཀྱི་ཡོད་རེད་ལ། དེ་ལ་དཔག་པའི་གྲུབ་འབྲས་ཀྱང་ཐོན་གྱི་ཡོད་རེད། དེར་བརྟེན་ད་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་གླེང་སློང་ག་ཚོད་བྱས་ཡོད་པ་དེ་བཀོད་ཡོད་པ་རེད། དེང་སང་རྒྱ་ནག་སྟོབས་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། ང་ཚོས་ལས་འགུལ་སྤེལ་བའི་སྐབས་སུ་གྲུབ་འབྲས་ག་རེ་ཐོན་གྱི་རེད་ཟེར་ནས་མི་མང་པོ་ཞིག་ཡིད་ཐང་ཆད་འགྲོ་བའི་ཉེན་ཁ་འདུག དེར་བརྟེན་ང་ཚོར་རེ་བ་ཆུང་ཆུང་མ་གཏོགས་མེད་ཀྱང་། གོ་སྐབས་དེ་བཟུང་བའི་ཐོག་ནས་འགྲོ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུར་མཚོན་ན། རྒྱལ་སྤྱིའི་ཚོགས་པ་ཆེན་པོ་ཞིག་ཡིན་པར་བརྟེན། དེའི་ནང་དུ་གླེང་སློང་བྱས་པ་རྣམས་ཚོགས་པ་བྱེ་བྲག་པས་གླེང་སློང་བྱས་པ་དང་རྩ་བ་ཉིད་ནས་འདྲ་ཡི་མ་རེད། ཅེས་བརྗོད་སོང་།
དེབ་འདིར་ཁྱོན་ཤོག་ངོས་ ༦༤ འདུག་ལ། ས་བཅད་ལྔ་ཙམ་དུ་ཕྱེས་ཏེ་ས་བཅད་དང་པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོ་སྤྲོད་དང་། ས་བཅད་གཉིས་པའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་གི་ངོ་སྤྲོད། ས་བཅད་གསུམ་པའི་ནང་བཅའ་ཁྲིམས་གཞིར་བཞག་གི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ། ས་བཅད་བཞི་པའི་ནང་སྤྱི་ཆིངས་གཞིར་བཞག་གི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་། དེ་བཞིན་ས་བཅད་ལྔ་པའི་ནང་བརྡ་ཆད་ངོ་སྤྲོད་བཅས་བྱས་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།