རྒྱ་ནག་གཞུང་གིས་མིང་ཙམ་གྱི་ཐོག་ནས་བོད་རང་སྐྱོང་ལྗོངས་གཙོ་བོར་གྱུར་བའི་བོད་ཁུལ་གྱི་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་ཏུ་བོད་མི་དང་དམར་ཤོག་དྲུང་ཆེ་རུ་རྒྱ་མི་ཤ་སྟག་འཇོག་པའི་ལམ་སྲོལ་ལྟ་བུ་ཞིག་ཡོད་ཀྱང་རིམ་གྱིས་འགྱུར་བ་ཐེབས་ཏེ་རྒྱ་མི་རྦད་དེ་མང་བ་ཆགས་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ལྷ་ས་གྲོང་ཁྱེར་གྱི་སྐབས་ ༡༢ པའི་དམངས་འཐུས་ཚོགས་ཆེན་ཐེངས་གསུམ་པའི་ཐོག་རྒྱ་རིགས་ཝང་ཆང་ཞེས་པ་ཞིག་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་ཏེ། ཁོས་སྣེ་འཁྲིད་དེ་ལྷ་ས་གྲོང་ཁྱེར་གྱི་མགོ་འཁྲིད་གསར་པའི་དཔུང་སྡེ་ཡིས་ལས་འཁུར་དམ་བཅའ་བཞག་ཡོད་འདུག་ལ། གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་མི་ ༡༡ དང་དྲུང་ཡིག་ཆེན་མོ་གཅིག་བཅས་མི་ ༡༢ ཡོད་པའི་ནང་དུ་བོད་མི་བུད་མེད་བཀྲ་ཤིས་དཔལ་སྒྲོན་དང་། སྐྱེས་པ་བློ་གསལ་དང་དགྲ་འདུལ་(占堆)་ལས་མི་འདུག
ཝང་ཆང་ཞེས་པ་དེ་དེ་སྔོན་རྒྱ་ནག་རྒྱལ་ཁབ་ཞིང་ལས་ལྷན་ཁང་གི་ཞིང་ལས་འཕྲུལ་ལས་ཅན་དོ་དམ་ཁང་གི་འགན་འཛིན་དང་། ཀེའུ་ཀྲུའུ་ཞིང་ཆེན་ཐུང་རིན་ས་ཁུལ་གྱི་ཞིང་ལས་ཁང་གི་འགན་འཛིན་ལས་རོགས། དེ་བཞིན་དབུལ་གྲོལ་ལས་དོན་གྱི་འགན་འཛིན་ལས་རོགས་དང་ལས་དོན་ཁང་དེའི་ལྷ་སའི་ཚན་པ་ཚན་པའི་དྲུང་ཆེ། པེ་ཅིན་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ། དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་དྲུང་གཞོན་དང་། གྲོང་ཁྱེར་སྲིད་གཞུང་དམག་ཤོག་ཚོགས་པའི་དྲུང་ཡིག་སོགས་བྱས་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་ལྷ་ས་གྲོང་ཁྱེར་གྱི་སྐབས་ ༡༢ པའི་དམངས་འཐུས་ཚོགས་ཆེན་དང་པོའི་ཐོག་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་གོ་གོ་(果果)ཟེར་བའི་བོད་རིགས་བསྐོ་བཞག་བྱས་ཡོད་པ་དང་། ཁོའི་ལག་རོགས་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ ༡༤ ཡོད་པའི་ཁྲོད་དུ་བོད་རིགས་བཀྲ་ཤིས་དཔལ་སྒྲོན་དང། བློ་གསལ། དགྲ་འདུལ་(占堆)་བཅས་ལས་མི་འདུག
གཞན་ཡང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་གཉིས་པའི་དམངས་འཐུས་ཚོགས་ཆེན་ཐེངས་ ༢ པའི་ཐོག ཀྲོ་ཧྥོང་ཞེས་པའི་རྒྱ་མི་ཞིག་གྲོང་ཁྱེར་སྤྱི་ཁྱབ་ཏུ་བསྐོས་ཡོད་ཀྱང་། ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་གྱི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐབས་ ༢ པའི་དམངས་འཐུས་རྒྱུན་ལས་ཚོགས་ཆེན་ ༢༠ པའི་ཐོག་ཝང་ཧྥང་ཧོང་(王方红)ཞེས་པའི་རྒྱ་མི་ཞིག་གྲོང་ཁྱེར་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་ཡོད་འདུག
དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཆབ་མདོ་གྲོང་ཁྱེར་གྱི་སྐབས་ ༢ པའི་དམངས་འཐུས་ཆེན་ཚོགས་ཐེངས་ ༡༦ པའི་ཐོག རྒྱ་མི་ཁྲིན་ཆིན་ཞེས་པའི་ཚབ་ཏུ་ཆབ་མདོ་གྲོང་ཁྱེར་སྤྱི་ཁྱབ་ཏུ་ལོ་ཆིན་ཝུའུ་(罗庆伍)ཞེས་པའི་རྒྱ་མི་ཞིག་བསྐོ་བཞག་བྱས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།