མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་ཐོག་བྱུང་བའི་གནས་ཚུལ་ཆེ་ཁག

བོད་ཀྱི་དུས་བབ།
༢༠༢༢/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་མི་འབོར་དུང་ཕྱུར་ ༨༠ ཟིན།

Protestors gather to demonstrate against India’s new citizenship law in Mangalore, India, on Jan. 15, 2020. STR/AFP/GETTY IMAGES

འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་དེ་དུང་ཕྱུར་ ༨༠ ལ་ཟིན་ཡོད་སྐོར་བསྒྲགས་ཡོད། འཛམ་གླིང་གི་མི་འབོར་དུང་ཕྱུར་ ༧༠ ནས་ ༨༠ ཟིན་པར་ལོ་ངོ་ ༡༡ མ་གཏོགས་འགོར་མེད་ཅིང་། དེ་ཡང་གཙོ་བོ་རྒྱ་གར་དང་རྒྱ་ནག་ལྟ་བུའི་དཔར་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་མི་འབོར་ཤུགས་ཆེར་འཕེལ་བའི་རྐྱེན་གྱིས་ཡིན་པར་བཤད་ཡོད་ལ། འཛམ་གླིང་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་རྨང་གཞི་ཡར་རྒྱས་ཕྱིན་པའི་རྒྱུ་མཚན་གྱིས་ཀྱང་ཡིན་པར་བསྒྲགས། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཐོའི་ནང་འདས་པའི་མི་ལོ་ ༡༡ ནང་རྒྱ་གར་གྱི་མི་འབོར་ས་ཡ་ ༡༨༠ འཕར་ཡོད་ཅིང་། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་ལས་བརྒལ་ཏེ་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེར་འགྱུར་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག འོན་ཀྱང་ཆེད་མཁས་པ་ཚོས་ད་ལྟའི་ཆར་འཛམ་གླིང་གི་ཕྲུ་གུ་སྐྱེས་ཚད་ཉུང་དུ་འགྲོ་བཞིན་པའི་རྐྱེན་གྱིས། འཛམ་གླིང་གི་མི་འབོར་དུང་ཕྱུར་ ༩༠ ཟིན་པར་ལོ་ ༡༥ འགོར་སྲིད་པ་དང་། མི་འབོར་དུང་ཕྱུར་ ༡༠།༤ ཟིན་ཐོ་དེ་ཕྱི་ལོ་ ༢༠༨༠ ནང་ཐོན་ཏེ་ཕྱི་ལོ་ ༢༡༠༠ བར་འཕར་སྣོན་དེ་ཙམ་མེད་པར་གནས་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཕྱོགས་ཡོངས་ནས་ངོ་རྒོལ་བྱས།

Ethnic Uyghur demonstrators take part in a “No Beijing 2022” protest calling for a boycott of Beijing 2022 Winter Olympic Games, in front of the Olympic House, the headquarters of Turkey’s National Olympic Committee (TMOK), in Istanbul, Turkey June 23, 2021. REUTERS/Dilara Senkaya

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༤ ནས་ ༢༠ བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཛམ་གླིང་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་བསྡུས་པ་དང་བསྟུན། བོད་གཙོས་པའི་ཤར་ཊུར་ཀི་སི་ཐན་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་རྩེད་འགྲན་གྱི་སྔ་གཞུག་བར་གསུམ་དུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཨོ་རྩལ་སྒྲིག་འཛུགས་ལ་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ལ། རྒྱ་ནག་གཞུང་གི་གནོན་ཤུགས་ལ་འཛེམ་དོགས་མེད་པར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་། དབྱིན་ཡུལ། སི་ཝེ་ཌན། སོ་ལོ་ཝེ་ནི་ཡ་(Slovenia)། ནེའུ་ཛི་ལན་ཌི། ནི་ཋར་ལན་ཌི། ལི་ཐུ་ནི་ཡ། ཉི་ཧོང་། ཨེ་སོ་ཊོ་ནི་ཡ། ཌན་མཱག ཁེ་ན་ཌ། སྦེལ་ཇམ། ཨོ་སི་ཊི་རི་ཡ། ཨོ་གླིང་བཅས་ཀྱིས་ཨོ་རྩལ་འགྲན་ཚོགས་ནང་རྩེད་འགྲན་པ་མ་གཏོགས་གཞུང་འབྲེལ་མི་སྣ་མངག་གཏོང་བྱས་མེད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་རྩེད་འགྲན་སྒོ་འབྱེད་བྱེད་སྐབས། ཕྱི་ལོ་ ༢༠༢༠ ལོར་བོད་འཕགས་ས་མཚམས་ཀྱི་གྷལ་ཝན་ལུང་གཤོངས་སུ་བྱུང་བའི་རྒྱ་དཀར་ནག་གི་དམག་མིའི་གདོང་ཐུག་སྐབས་ཀྱི་རྒྱའི་དམག་དཔོན་ཞིག་དཔལ་འབར་འཁྱེར་མཁན་ཁྲོད་དུ་བཞག་པར་བརྟེན། རྒྱ་གར་ཕྱི་སྲིད་ལྷན་ཁང་ངོས་ནས་རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་རྩེད་འགྲན་དེ་ཉིད་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བར་ངོ་རྒོལ་དང་འབྲེལ། པེ་ཅིང་དགུན་དུས་ཨོ་རྩེད་ཐོག་རྒྱ་གར་གྱི་གཞུང་འབྲེལ་སྐུ་ཚབ་མངག་གཏོང་བྱ་རྒྱུ་མིན་པ་མ་ཟད། རྒྱ་གར་དབུས་བརྙན་འཕྲིན་ཁང་དྷུར་དྷར་ཤན་ (Door darshan) ངོས་ནས་རྒྱ་གར་ནང་ཨོ་རྩེད་ཐད་གཏོང་བྱ་རྒྱུ་མིན་སྐོར་གྱི་རྒོལ་གཏམ་སྤེལ་ཡོད་པ་རེད།

ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་ཏེ་ཟླ་ ༡༠ ལྷག་ཕྱིན།

A Ukrainian soldier inspects a destroyed Russian armored transport vehicle outside Kyiv on March 31. (Vadim Ghirda/AP)

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཀྲིན་གྱིས་རང་གི་ལྷོ་ནུབ་ཁྱིམ་མཚེས་རྒྱལ་ཁབ་ཡུ་ཀེ་རེན་ནང་ས་མཚོ་གནམ་གསུམ་ནས་དྲག་པོའི་བཙན་འཛུལ་བྱས་ཏེ། ཕྱི་ཟླ་ ༣ པའི་ནང་ཡུ་ཀེ་རེན་གྱི་ཤར་བརྒྱུད་ཕལ་ཆེར་དབང་འོག་ཏུ་བསྡུས་ཏེ་རྒྱལ་ས་ཀིབ་(Kyiv)ཀྱི་མཐའ་མཚམས་སུ་འབྱོར་ཏེ་མུ་མཐུད་དྲག་པོའི་བཙན་འཛུལ་བྱས་ཡོད་ནའང་། ཨ་རིའི་གཙོས་པའི་ཡུ་རོབ་ཀྱི་རྒྱལ་ཁབ་ཕལ་ཆེ་བས་ཡུ་ཀེ་རེན་ལ་ཨ་སྒོར་ཐེར་འབུམ་ལྷག་གི་གོ་མཚོན་མཁོ་སྤྲོད་བསྟུད་མར་བྱས་པ་དང་། ཡུ་ཀེ་རེན་གྱི་སྲིད་འཛིན་ཛི་ལིན་སི་ཀེ་མཆོག་གི་སྣེ་འཁྲིད་པའི་རྒྱལ་ཡོངས་མི་མང་དང་དྲག་པོའི་དམག་དཔུང་གིས་བསྟུད་མར་ཕར་རྒོལ་ནུས་པ་གཅིག་ཏུ་སྤུངས་བར་བརྟེན།  ཕྱི་ཟླ་ ༣ པའི་ཟླ་མཇུག་ཙམ་ལ་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཆེན་པོ་བྱུང་སྟེ་རྒྱལ་སའི་དབུས་ཁུལ་ནས་ཤར་ཕྱོགས་སུ་ཕྱིར་འཐེན་བྱས། དེའི་རྗེས་ཀྱི་དམག་འཐབ་ཕལ་ཆེ་བ་ཡུ་ཀེ་རེན་གྱི་ཤར་དང་ལྷོ་ཁུལ་དུ་བྱུང་ཡོད་ནའང་། ཡུ་ཀེ་རེན་གྱིས་ཨུ་རུ་སུར་ཕར་རྒོལ་དྲག་པོ་བྱས་ཏེ་ཕྱི་ཟླ་ ༩ པའི་ནང་ཨུ་རུ་སུའི་བཙན་འོག་ཏུ་ཡོད་པའི་ཁར་ཀིབ་(Kharkiv)ཀྱི་ས་གནས་ཕལ་ཆེར་བ་དང་། ཕྱི་ཟླ་ ༡༡ པའི་ནང་ཤར་བརྒྱུད་གྲོང་ཁྱེར་ཁེར་སོན་(Kherson) ཚུར་བླངས། ཡིན་ནའང་། ད་ལྟའང་ཡུ་ཀེ་རེན་གྱི་ལྷོ་ཤར་གྱི་ས་ཁུལ་མང་ཆེ་བ་ཞིག་ཨུ་རུ་སུའི་བཙན་འོག་ཏུ་ཡོད་པར་བརྟེན། མུ་མཐུད་ཨུ་རུ་སུའི་བཙན་འཛུལ་ལ་ཕར་རྒོལ་བྱེད་མུས་ཡིན་པ་རེད། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཐོ་ལྟར་ན། ཕྱི་ཟླ་ ༡༢ ཚེས་ ༤ ཉིན་བར་ཨུ་ཡུག་གི་དམག་འཁྲུག་ཁྲོད་ཉུང་མཐར་མི་སེར་དཀྱུས་མ་ ༦༧༠༢ རྐྱེན་འདས་དང་། མི་གྲངས་ ༡༠༤༧༩ ལ་རྨས་སྐྱོན་བཟོས་ཡོད་པ་དང་། ཡུ་ཀེ་རེན་གྱི་མི་གྲངས་ས་ཡ་ ༧།༩ ཙམ་ཡུ་རོབ་རྒྱལ་ཁབ་ཁག་ནང་བྲོས་བྱོལ་དུ་ཕྱིན་ཡོད་འདུག་ལ། ཝེ་ཀེ་རིག་མཛོད་དུ་ཨུ་རུ་སུའི་བཙན་འཛུལ་ཁྲོད་ད་ལྟ་བར་དུ་མི་གྲངས་ཁྲི་ ༤ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༡༥༠༠༠ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་བཀོད་འདུག

 སིངྒ་ལའི་དཔལ་འབྱོར་དཀའ་རྙོག

A man lifts a gas tank amid fuel shortages and an ongoing economic crisis as he joins a protest to demand the resignation of Sri Lankan President Gotabaya Rajapaksa in Colombo, Sri Lanka, on June 30. THILINA KALUTHOTAGE/NURPHOTO VIA GETTY IMAGES

འདི་ལོའི་ཕྱི་ཟླ་ ༣ པའི་ནང་སིངྒ་ལའི་ཡུལ་དུ་འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་བྱུང་མྱོང་མེད་པའི་དཔལ་འབྱོར་གོད་ཆག་བྱུང་སྟེ། རྒྱལ་ཡོངས་སུ་རྒྱུན་མཁོའི་སྣུམ་དང་གློག་འདང་ངེས་མེད་པ་མ་ཟད། ཉིན་རེའི་འཚོ་བའི་ཁྲོད་དུའང་ཟ་འབྲུའི་རིན་གོང་བརྒྱ་ཆ་ ༥༠ ལྷག་འཕར་ཏེ་དཀའ་ངལ་ཤུགས་ཆེར་ཕྲད་རྐྱེན། སྲིད་གཞུང་གིས་དཔལ་འབྱོལ་ལམ་ལུགས་ལ་དོ་ནན་མ་བྱས་པའི་ནག་ཉེས་བཙུགས་ཏེ་མི་མང་གིས་གཞི་རྒྱ་ཆེ་བའི་གཞུང་རྒོལ་ལས་འགུལ་བསྟུད་མར་སྤེལ་ཏེ། ཡུལ་དེའི་ལོ་ངོ་ ༣༠ ལྷག་གི་ནང་འཁྲུག་ཁྲོད་དཔའ་བོའི་ཆོ་ལོ་ཐོབ་པའི་སྲིད་འཛིན་གྷོ་ཏ་བྷ་ཡ་ར་ཇ་པག་ས་ (Gotabaya Rajapaksa)དང་། ཁོ་པའི་གཅུང་པོ་སྲིད་བློན་མ་ཧིན་དྷ་རཱ་ཇ་པག་ས་(Mahinda Rajapaksa) གཉིས་ཀས་སྔ་གཞུག་ཏུ་ལས་འཁུར་བཤོལ་དགོས་བྱུང་བ་མ་ཟད། ལས་འགུལ་བས་སྲིད་འཛིན་གྱི་ཕོ་བྲང་ནང་བཙན་རྒོལ་བྱས་པའི་རྐྱེན་གྱིས་གྷོ་ཏ་བྷ་ཡ་ར་ཇ་པག་ས་གནས་སྐབས་རིང་སིང་གྷ་པུར་དུ་བྲོས་བྱོལ་དུ་འགྲོ་དགོས་པའང་བྱུང་བ་རེད། མི་མང་གི་ངོ་རྒོལ་གནོན་ཤུགས་དང་བསྟུན་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༠ ཉིན་སིངྒ་ལའི་གྲོས་ཚོགས་ཀྱིས་ཡུལ་དེའི་སྲིད་བློན་ཟུར་པ་ར་ཎིལ་ཝི་ཁེ་རེ་མེ་སིང་ (Ranil Wickremesinghe) སྲིད་འཛིན་གསར་པར་འདེམས་བསྐོ་བྱས་རྗེས། ཟླ་དེའི་ཕྱི་ཚེས་ ༢༢ ཉིན་ཁོ་པས་དྷི་ནེ་ཤི་གྷུ་ན་ཝར་ཌེ་ན་ (Dinesh Gunawardena) ཡུལ་དེའི་སྲིད་བློན་གསར་པར་བསྐོ་གཞག་བྱས་ཡོད་པ་རེད། སྤྱིར་མང་ཚོགས་ཁྲོད་སྲིད་འཛིན་འཕོ་འགྱུར་གྱི་གནས་སྟངས་དེར་འདོད་བློ་ཁེངས་པ་ཞིག་བྱུང་མེད་ནའང་། རྒྱལ་ཁབ་ཀྱི་དཔལ་འབྱོར་རིམ་པས་ཡར་རྒྱས་ཕྱིན་པར་བརྟེན། འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱལ་ཡོངས་ཀྱི་གཞུང་རྒོལ་ལས་འགུལ་རིམ་གྱིས་ཞི་འཇགས་སུ་ཕྱིན།

ཊུ་ཝི་ཊར་སྤྱི་ཚོགས་དྲ་ལམ་གྱི་ཆག་འཇིག་ཆེན་མོ།

Elon Musk has promised to shrink the size of ads on Twitter

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་འཛམ་གླིང་གི་ཕྱུག་བདག་ཨང་དང་པོ་ཨེ་ལོན་མཱ་སི་ཀི་(Elon Musk) ཡིས་འཛམ་གླིང་གི་སྤྱོད་རྒྱུག་ཆེ་བའི་སྤྱི་ཚོགས་དྲ་ལམ་ཊུ་ཝི་ཊར་ཉོ་འདོད་ཡོད་སྐོར་བསྒྲགས་རྗེས། ཟླ་དེའི་ཕྱི་ཚེས་ ༢༥ ཉིན་སྤྱི་ཚོགས་དྲ་ལམ་དེའི་འགན་འཛིན་ལྷན་ཚོགས་ཀྱིས་ཨ་སྒོར་ཐེར་འབུམ་ ༤༤ ལ་བཙོང་གཏན་ཁེལ་ཏེ། ཕྱོགས་གཉིས་དབར་གྲོས་བསྡུར་རིམ་པ་བྱས་ཏེ་མཐར་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ཨེ་ལོན་མཱ་སི་ཀི་ཊུ་ཝི་ཊར་གྱི་སྦྱིན་བདག་ཆེན་མོར་གྱུར། ཊུ་ཝི་ཊར་བདག་བཟུང་བྱས་པའི་ཐོག་མའི་ཉིན་འགའི་ནང་ཨེ་ལོན་མཱ་སི་ཀི་ཡིས་སྤྱི་ཚོགས་དྲ་ལམ་དེའི་སྤྱི་ཁྱབ་འགན་འཛིན་པཱ་རག་ཨག་ར་ཝལ་(Parag Agrawal) གཙོས་པའི་གནད་ཡོད་ལས་བྱེད་རྙིང་གྲས་ཁག་ཅིག་ཕྱིར་ཕུད་ཡོད་པ་མ་ཟད། དེའི་རྗེས་བསྐྱར་དུ་ཊུ་ཝི་ཊར་གྱི་ལས་བྱེད་ཕྱེད་ཀ་ལྷག་ལས་གནས་ནས་ཕུད་ཡོད་པ་རེད་ལ། ལས་བྱེད་བརྒྱ་ཕྲག་མང་པོ་ལས་ཚེགས་ཆེ་དྲགས་ནས་རང་འགུལ་གྱིས་རྩ་དགོངས་ཞུ་དགོས་བྱུང་། ཨེ་ལོན་མཱ་སི་ཀིས་ཊུ་ཝི་ཊར་ཉོས་རྗེས། དཔྱད་ཞིབ་པ་ཕྱོགས་གཅིག་གིས་སྤྱི་ཚོགས་དྲ་ལམ་དེས་སྨྲ་བརྗོད་རང་དབང་ལ་སྔར་བས་བརྩི་སྲུང་ཆེ་བ་འབྱུང་སྲིད་པ་དང་། གུ་ཡངས་དྲགས་པའི་རྐྱེན་གྱིས་གནས་ཚུལ་བདེན་རྫུན་དབྱེ་འབྱེད་དཀའ་བར་འགྱུར་སྲིད་པ། ཡང་མང་པོ་ཞིག་གིས་སྤྱི་ཚོགས་དྲ་ལམ་དེས་སྔར་ལས་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་ཀྱང་ཤུགས་ཆེན་ཡོང་གི་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༡༢ ཉིན་ ༡༩ ཉིན་ཨེ་ལོན་མཱ་སི་ཀིས་ཊུ་ཝི་ཊར་སྤྱི་སྟེགས་ཏུ། ངས་དྲ་གནས་འདིའི་སྤྱི་ཁྱབ་འགན་འཛིན་ནས་རྩ་དགོངས་ཞུ་དགོས་ཀྱི་འདུག་གམ། ཞེས་གྲུབ་དོན་དྭང་ལེན་བྱ་རྒྱུ་ཡིན་སྐོར་གྱི་བསམ་ཤོག་ཅིག་བསྡུ་སྐབས།  འཛད་སྤྱོད་པ་བརྒྱ་ཆ་ ༡༧ ལྷག་གིས་རྩ་དགོངས་མ་ཞུས་ན་ལེགས་པ་དང་། བརྒྱ་ཆ་ ༥༧ ལྷག་གིས་རྩ་དགོངས་ཞུ་ན་ལེགས་པའི་བསམ་ཚུལ་བཏོན་རྗེས། ཨེ་ལོན་མཱ་སི་ཀིས་སྤྱི་ཁྱབ་ཀྱི་ལས་འགན་འཁུར་མཁན་ཞིག་རག་རྗེས་ཁོ་རང་གིས་རྩ་དགོངས་ཞུ་རྒྱུ་ཡིན་སྐོར་བསྒྲགས།

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཤིན་ཅང་དུ་ཕེབས།

Chinese Foreign Minister Wang Yi with the UN High Commissioner for Human Rights Michelle Bachelet in Guangzhou, in southern China’s Guangdong province, May 23, 2022. photo: Xinhua News Agency

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ ༢༨ བར་ཉིན་གྲངས་དྲུག་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གི་དགག་བྱ་དང་སྐྱོན་བརྗོད་ལ་ལྟོས་མེད་ཀྱིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་མི་ཤེལ་བྷ་ཆི་ལེ་ཊི་ (Michelle Bachelet) ལགས་རྒྱ་ནག་གཞུང་གིས་ཡུ་གུར་མི་མང་ས་ཡ་གཅིག་ལྷག་བཀག་སྐྱིལ་ཁང་དུ་འཇུག་སའི་ཤར་ཊུར་ཀི་སི་ཐན་(ཤིན་ཅང་)གྱི་རྒྱལ་ས་ཨུ་རུམ་ཆི་(Urumqi)དང་། ཀ་ཤི་གྷར་(Kashgar)། གཞན་ཡང་རྒྱ་ནག་གི་གྲོང་ཁྱེར་ཀང་ཀྲུའུ་སོགས་སུ་ཕེབས་ཏེ། ཕྱི་ཟླ་ ༩ ཚེས་ ༧ ཉིན་ཤིན་ཅང་སྐོར་གྱི་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གཞུང་གིས་ཤིན་ཅང་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཙན་གནོན་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་གནད་དོན་དེར་ངེས་པར་དུ་དོ་འཁུར་དགོས་པའི་འབོད་སྐུལ་བྱས། གཟིགས་སྐོར་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྐབས། ལྕམ་མི་ཤེལ་བྷ་ཆི་ལེ་ཊི་ལགས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོར་ཐུག་འཕྲད་གནང་སྐབས། བོད་མི་ཚོས་རང་དབང་ལྡན་པའི་ཐོག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་དང་གླེང་སློང་བྱ་རུ་འཇུག་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། བོད་མིའི་ངོ་བོ་མཚོན་པའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་སྲིད་ཇུས་དང་། ཁྱིམ་ཚང་ངམ་སྤྱི་ཚོགས་སུ་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་སྤྱོད་བྱ་རུ་འཇུག་པ་དེ་གལ་ཆེན་ཡིན་སྐོར་སོགས་གླེང་སློང་གནང་ཡོད་སྐོར་བསྒྲགས་ཡོད་པ་རེད།

 ལྕམ་ནེན་སི་པེ་ལོ་སིས་རྒྱ་གཞུང་གི་ཉེན་བརྡར་ཡ་མེད་བཏང་ནས་ཐའེ་ཝན་དུ་ཕེབས།

U.S. House Speaker Nancy Pelosi, center left, and Taiwanese President President Tsai Ing-wen arrive for a meeting in Taipei, Taiwan, Wednesday, Aug. 3, 2022.

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་ཁོང་མོས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ཐའེ་ཝན་དུ་ཕེབས་ཏེ། ཡུལ་དེའི་སྲིད་འཛིན་ཚེ་ཡེན་ཝུན་མཆོག་གིས་གཙོས་གཞུང་འབྲེལ་དཔོན་རིགས་རྣམས་དང་མཇལ་མོལ་གནང་། སྲིད་འཛིན་ལས་ཁུངས་ཀྱི་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་སྐབས་ཐའེ་ཝན་ལ་ཕེབས་དོན་གཙོ་བོ་ནི་ཨ་རིས་ཐའེ་ཝན་གྱི་དམངས་གཙོ་ལ་རྒྱབ་སྐྱོར་གཡོ་མེད་ཡོད་པ་མཚོན་ཆེད་ཡིན་སྐོར་བསྒྲགས་ཡོད་པ་རེད། ཚོགས་གཙོ་མཆོག་ཐའེ་ཝན་ལ་ཕེབས་རྒྱུའི་གནས་ཚུལ་ཐོན་པ་ནས་བཟུང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། ལྕམ་སྐུ་མཆོག་ཐའེ་ཝན་དུ་འབྱོར་བའི་སྔར་ཉིན་དེར་རྒྱ་ནག་གིས་ཐའེ་ཝན་གྱི་རྒྱ་མཚོ་ཁུལ་དུ་དམག་སྦྱོང་རྒྱ་ཆེན་པོ་བྱས་པ་མ་ཟད། ཐའེ་ཝན་གྱི་འཁྲིས་སུ་འཐབ་འཁྲུག་གནམ་གྲུ་འཕུར་སྐྱོད་བྱས་ཏེ་འཇིགས་སྐུལ་བྱས་ཡོད་པ་རེད། ལྕམ་སྐུ་ནེན་སི་པེ་ལོ་ནི་འདས་པའི་ལོ་ངོ་ ༢༥ ནང་ཐའེ་ཝན་དུ་ཕེབས་མཁན་གྱི་ཨ་རིའི་མགོ་འཁྲིད་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་ལ། འདི་ལོའི་ཨ་རི་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་གྱི་གནད་དོན་ཆེས་ཛ་དྲག་ཆེ་བ་ཞིག་ཡིན་པར་བཤད།

 དབྱིན་ཡུལ་གྱི་རྒྱལ་མོ་སྐུ་གྲོངས་ཏེ་རྒྱལ་པོ་གསར་པ་བསྐོས།

Queen Elizabeth II and Charles, Prince of Wales, during the opening of Parliament in London, England, in October 2019. Paul Edwards/WPA/Getty Images

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༨ ཉིན་དབྱིིན་ཡུལ་གྱི་སྲིད་དབང་ཡུན་རིང་ཤོས་སྐྱོང་མཁན་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་མཆོག་དགུང་ལོ་ ༩༦ སྟེང་སི་ཀོ་ཊི་ལན་ཌིར་ཡོད་པའི་བྷལ་མོ་རལ་མཁར་རྫོང་ནང་སྐུ་གྲོངས་ཡོད་སྟབས། དབྱིན་ཡུལ་གིས་གཙོས་རྒྱལ་མོར་ཆེས་མཐོའི་མགོ་ཁྲིད་ཀྱི་དབང་ཚད་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་བཅོ་ལྔའི་གཞུང་མང་གིས་ཁོང་མོར་མྱ་ངན་རྗེས་དྲན་ཞུས་ཡོད་པ་དང་། རྒྱལ་སྲས་ཆར་ལི་སི་ (Prince Charles)་རྒྱལ་ཁྲིར་ཕེབས། རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་མཆོག་ནི་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༢ ནས་ ༢༠༢༢ ལོའི་བར་དུ་ལོ་ངོ་ ༧༠ རིང་དབྱིན་ཡུལ་གྱི་རྒྱལ་སྲིད་བཟུང་། ཕྱི་ལོ་ ༡༩༤༧ ལོར་ཨི་དིན་བྷག་ (Edinburgh) གི་རྒྱལ་སྲས་ཕི་ལིབ་ (Philip)དང་གཉེན་སྒྲིག་གནང་སྟེ་སྲས་སྲས་མོ་བཞི་བྱུང་། ཁོང་མོའི་སྲིད་དབང་དེ་དམག་ཆེན་གཉིས་པ་མཇུག་བསྒྲིལ་ཏེ། འཛམ་གླིང་ནང་སླར་ཡང་དམག་ཆེན་འབྱུང་ཉེན་གྱི་མཚམས་དང་། གྲང་དམག་མགོ་འཛུགས་བཞིན་པའི་དུས་སྐབས་སུ་ཐོན་ཡོད་ཅིང་། ཁོང་མོས་སྲིད་དབང་སྐྱོང་བའི་རིང་དེར་དབྱིན་ཡུལ་ནང་སྲིད་བློན་ ༡༥ འཕོ་འགྱུར་ཕྱིན་ཡོད་ལ། ཕྱི་ལོ་ ༢༠༢༢ ལོར་དབྱིན་ཡུལ་གྱི་སྲིད་བློན་རིམ་པ་གསུམ་བརྗེ་བོ་ཐེབས་པའི་ཁྲོད་ནས་ཉིན་གྲངས་ ༤༥ རིང་སྲིད་བློན་གྱི་ལས་འཁུར་ཞུས་པའི་ལྕམ་ལེ་ཛི་ཊི་རོ་སི་(Liz Truss)ལགས་ནི་རྒྱལ་མོ་མཆོག་ནས་ངོས་བཞེས་གནང་བའི་སྲིད་བློན་མཐའ་མ་དེ་ཆགས་ཡོད་པ་དང་། ལྕམ་ཊི་རོ་སིས་སྲིད་བློན་ནས་རྩ་དགོངས་ཞུས་རྗེས་ཁོང་མོའི་ཁ་གཏད་དུ་ལངས་བའི་རྒྱ་གར་གྱི་མི་རྒྱུད་ཡིན་པ་སྐུ་ཞབས་རཱི་ཤེ་སོ་ནཱག་ལགས་སུ་གྲོས་ཚོགས་ནང་ཁ་གཏད་མེད་པར་སྐབས་ ༥༧ པའི་དབྱིན་ཡུལ་སྲིད་བློན་དུ་བསྐོས་ཡོད་པ་རེད།

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་ལྐོག་གསོད་བྱས།

Former Prime Minister Shinzo Abe is shot while making a street speech for upcoming Upper House election. (Photo by The Asahi Shimbun via Getty Images)

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༨ ཉིན་ཉི་ཧོང་གི་སྲིད་བློན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་གིས་ཡུལ་དེའི་གྲོང་ཁྱེར་ནོ་རཱ་ཞེས་པའི་ནང་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་སྐབས། གློ་བུར་དུ་མཚོ་དམག་ཟུར་པ་མིང་ལ་རཱ་མཱ་གྷཱ་མི་ཊི་སུ་ཡཱ་(Yamagami Tetsuya)ཟེར་བའི་སྐྱེས་པ་ཞིག་གིས་བྲང་ཁར་མེ་མདས་གཞུས་ཏེ་ཉིན་དེ་རང་ལ་སྐུ་གྲོངས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་འཛམ་གླིང་གི་དབུ་འཁྲིད་དང་མི་མང་བཅས་ནས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཐུགས་སྨོན་ཞུས་ཡོད་པ་རེད། སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་འཁྲུངས་ཤིང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༧ བར་དང་། ཕྱི་ལོ་ ༢༠༡༢ ནས་ ༢༠༢༠ བར་ཉི་ཧོང་གི་སྲིད་བློན་གྱི་འགན་ཁུར་ཞུས་ཏེ་ཡུལ་དེའི་ལོ་རྒྱུས་ཁྲོད་སྲིད་བློན་གྱི་ལས་ཁུར་རྒྱུན་རིང་ཤོས་གནང་མཁན་དེ་ཆགས་ཡོད་པ་རེད།

རྒྱ་ནག་ནང་ཤོག་དཀར་གསར་བརྗེའི་ལས་འགུལ་བྱུང་།

People hold white sheets of paper in protest against COVID-19 restrictions in Beijing on Sunday. | REUTERS

འདས་པའི་ལོ་གསུམ་ལྷག་གི་རིང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་གི་འཕྲོད་བསྟེན་དང་དཔལ་འབྱོར་མ་ལག་དང་བཅས་པར་བརྡབ་གསིག་ཆེན་པོ་བཟོས་ཡོད་ནའང་། འདི་ལོ་ནས་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ནད་ཡམས་འགོག་སྲུང་གི་ཐབས་ལམ་སྤྱད་དེ་རྒྱུན་ལྡན་གྱི་འཚོ་བར་ཕྱིར་ལོག་ཟིན་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༡ པོ་ནས་ཝུའུ་ཧན་གྲོང་ཁྱེར་ནས་འགོ་བཙུགས་ཏེ་རིམ་པས་ཧྲང་ཧེ་དང་ཤིན་ཅང་། བོད་གཙོས་པའི་རྒྱ་ནག་གི་གྲོང་ཁྱེར་དང་ས་ཁུལ་ཕལ་ཆེ་བར་ཏོག་དབྱིབས་ནད་ཡམས་བསྐྱར་དུ་འགོས་ཁྱབ་བྱུང་རྐྱེན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་དམ་ཏོག་དབྱིབས་གཙང་སེལ་ཟེར་བའི་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ། མང་ཚོགས་བྱིངས་ལ་དཔལ་འབྱོར་དང་འགྲིམ་འགྲུལ་སོགས་ཀྱི་ཐད་ལ་དཀའ་ངལ་ཤུགས་ཆེན་བྱུང་བར་བརྟེན། པེ་ཅིང་གི་སི་ཊོང་ཟམ་ཆེན་དང་ལྷ་ས། ཧྲང་ཧེ་སོགས་ཀྱི་ནང་གཞུང་རྒོལ་ལས་འགུལ་བྱུང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ཁྱིམ་སྡོད་བཀག་སྡོམ་འོག་ཡོད་པའི་ཁང་རྩེག་ཅིག་ལ་མེ་ཤོར་ཏེ་མི་གྲངས་ ༡༠ རྐྱེན་འདས་དང་། མི་ ༡༠ ལྷག་རྨས་སྐྱོན་བཟོས་པར་བརྟེན། རྒྱ་ནག་གི་དཔལ་འབྱོར་ལྟེ་བའི་གྲོང་ཁྱེར་ཧྲང་ཧེ་དང་པེ་ཅིན་སོགས་ནས་མགོ་བཙུགས་ཏེ། ནན་ཅིན་དང་། ཞི་ཨན། ཁྲིན་ཏུའུ། ཀང་ཀྲུའུ། ཝུའུ་ཧན་སོགས་ཉུང་མཐར་གྲོང་ཁྱེར་ཁག་་ ༢༦ ལྷག་གི་ནང་དུ། གཙོ་བོ་སློབ་མས་སྣེ་ཁྲིད་དེ་ལག་ཏུ་ཤོག་སྟོང་བཟུང་ནས་ཏོག་དབྱིབས་བཀག་སྡོམ་ཀློད་དགོས། ཞི་ཅིན་ཕིང་གོ་གནས་ནས་ཕབ་དགོས། དབང་ཆ་གཅིག་སྡུད་ཀྱི་དམར་ཤོག་གཞུང་མེད་པ་བཟོ་དགོས་ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་མི་མང་གི་གཞུང་རྒོལ་ལས་འགུལ་རབ་དང་རིམ་པ་སྤེལ་བར་བརྟེན། ཕྱི་ཟླ་ ༡༢ ཚེས་ ༡༠ ཡས་མས་ནས་སྤྱི་ཡོངས་ཀྱི་བཀག་སྡོམ་ཀློད་དེ་མི་མང་གིས་སོ་སོར་འགན་ཁུར་དགོས་པའི་སྐོར་གྱི་དོན་ཚན་ ༡༠ ཅན་ཞིག་བསྒྲགས། བཀག་སྡོམ་གློ་བུར་དུ་ཀློད་རྗེས་རྒྱལ་ཡོངས་སུ་ཏོག་དབྱིབས་འགོས་ཁྱབ་ཤུགས་ཆེན་འགྲོ་བཞིན་ཡོད་པ་རེད།

 ཨ་རིའི་བར་མའི་འོས་བསྡུར་རྒྱལ་ཕམ་གྱི་ཁྱད་པར་ཆེན་པོ་མ་བྱུང་།

A voter casts their ballot at the Hillel Foundation on Nov. 8, 2022, in Madison, Wis. (Photo by Jim Vondruska/Getty Images)

འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་ཨ་རིའི་བར་མའི་འོས་བསྡུ་ཆེན་མོ་བྱས་ཡོད་ཅིང་། ཐེངས་འདིའི་འོས་བསྡུའི་ཁྲོད་འདས་པའི་ལོ་ངོ་གཉིས་དང་ཕྱེད་ཀའི་རིང་ཨ་རིའི་གཞུང་འཛིན་དམངས་གཙོ་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་གྲོས་ཚོགས་གོང་འོག་གཉིས་ནས་གྲོས་ཚོགས་གོང་མ་མ་གཏོགས། གྲོས་ཚོགས་འོག་མ་དེ་སྤྱི་མཐུན་ཚོགས་པའི་ལག་ལ་ཤོར་ཡོད་ཅིང་། དེ་ནི་མ་འོངས་ལོ་གཉིས་དང་ཕྱེད་ཀའི་རིང་སྲིད་འཛིན་བྷའེ་ཌིན་སྲིད་གཞུང་ལ་གནད་དོན་ཆེ་ཁག་རིགས་ཐག་གཅོད་དང་ལག་བསྟར་བྱ་རྒྱུའི་འགག་རྡོ་ལྟ་བུར་གྱུར་ཡོད། ཨ་རིའི་དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ལྟར་ན། འདི་ལོའི་བར་མའི་འོས་བསྡུའི་ཁྲོད་གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པར་ཞབས་བཀྱག་ ༤༩ དང་སྤྱི་མཐུན་ཚོགས་པར་ ༤༩ ཞེས་འདྲ་མཉམ་བྱུང་ཡོད་ནའང་། ལྷག་འཕྲོ་རང་དབང་ཅན་གྱི་འཐུས་མི་ ༢ དེ་དམངས་གཙོ་ཚོགས་པའི་ཕྱོགས་སུ་ཟླ་སྒྲིལ་བྱས་པའི་རྐྱེན་གྱིས་གྲོས་ཚོགས་གོང་མ་དམངས་གཙོ་ཚོགས་པར་ཐོབ་པ་དང་། གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པར་ཞབས་བཀྱག་ ༢༢༢ དང་། དམངས་གཙོ་ཚོགས་པར་ཞབས་བཀྱག་ ༢༡༣ ཐོབ་པ་བཅས་སྤྱི་མཐུན་ཚོགས་པའི་སྟངས་འཛིན་འོག་ཤོར་ཡོད་པ་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་མུ་མཐུད་ཚོགས་གཙོ་གནང་རྒྱུ་མིན་པའི་གསལ་བསྒྲགས་གནང་།

ཐུན་མོང་དུ་གནང་བའི་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་གཟེངས་རྟགས།

Nobel Prize award ceremony in Konserthuset Stockholm, 10 December 2022. © Nobel Prize Outreach. Photo: Nanaka Adachi

འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་སེ་ཝི་ཌན་གྱི་རྒྱལ་ས་སི་ཀྲོག་ཧོམ་དུ་འདི་ལོའི་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་བསྡུས་ཡོད་པ་དང་།  འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཉིད་ཡུ་རོབ་ཤར་མའི་རྒྱལ་ཁབ་བྷེ་ལེ་རུ་སི་(Belarus) ཡི་དམངས་གཙོའི་ལས་འགུལ་བ་སྐུ་ཞབས་ཨེ་ལེ་སི་བྷའེ་ལའེ་ཊི་སི་ཀི་(Ales Bialiatski)དང་། ཨུ་རུ་སུར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་མེ་མོ་རི་ཡལ་(Memorial)དང་ཡུ་ཀེ་རེན་དུ་རྟེན་གཞི་བྱས་པའི་སྤྱི་དམངས་རང་དབང་བསྟི་གནས་ཁང་ཞེས་པའི་ཚོགས་པ་བཅས་གསུམ་ལ་ཕུལ་ཡོད་ཅིང་། འདི་ལོའི་རྩོམ་རིག་བྱ་དགའ་དེ་ཧྥ་རན་སིའི་རྩོམ་པ་པོ་ཨེ་ནི་ཨར་ནེག་སི་ (Annie Ernaux) ལ་ཕུལ་ཡོད། དེ་བཞིན་དངོས་ཁམས་རིག་པའི་གཟེངས་རྟགས་དེ་ཉིད་དངོས་ཁམས་རིག་པ་སྨྲ་བ་ཨེ་ལེན་ཨེ་སི་པེག་ (Alain Aspect) དང་། ཨེན་ཊོན་ཛེ་ལིན་གར་ (Anton Zellinger)།  ཨ་རིའི་དངོས་ཁམས་གཞུང་ལུགས་སྨྲ་བ་ཇོན་ཀོ་ལོ་སར་ (John Clauser) བཅས་གསུམ་ལ་ཕུལ་ཡོད། གཞན་ཡང་། རྫས་འགྱུར་གྱི་གཟེངས་རྟགས་དེ་ལྕམ་ཁེ་རོ་ལིན་བྷེར་ཊོ་ཛི་ (Carolyn R. Bertozzi) དང་། སྐུ་ཞབས་ཀཱལ་བྷེ་རི་ཤར་པེ་ལེ་སི་ (Karl Barry Sharpiess)། སྐུ་ཞབས་མོར་ཊན་མེལ་ཌལ་ (Morten P. Meldal) བཅས་གསུམ་ལ་ཕུལ་འདུག དཔལ་འབྱོར་རིག་པའི་གཟེངས་རྟགས་དེ་ཡང་སྐུ་ཞབས་ཕི་ལིབ་ཌའེ་ཝིག་ (Philip H. Dybvig)དང་། ཌོག་ལ་སི་ཌའེ་མོན་ཌི་ (Douglas Diamond)། སྐུ་ཞབས་བྷེན་བྷར་ནེན་ཀེ་ (Ben S. Bernanke) བཅས་གསུམ་ལ་ཕུལ། སྨན་གྱི་གཟེངས་རྟགས་དེ་ཉིད་སི་ཝེ་ཌན་ནས་ཡིན་པའི་རིགས་རྫས་འཕེལ་རིམ་གྱི་ཐོག་ལ་ཕྱག་ལས་ཤུགས་ཆེར་གནང་མཁན་སྐུ་ཞབས་སི་ཊན་ཏེ་པཱ་བོ་ (Svante Paabo) ལ་ཕུལ་ཡོད་པ་རེད་འདུག་ལ། འདི་ལོའི་གཟེངས་རྟགས་རྣམས་ལས་སྨན་མ་གཏོགས་གཞན་ཚང་མ་མི་སྒེར་དང་ཚོགས་པ་སོགས་ལ་ཐུན་མོང་དུ་གནང་འདུག

ཨར་ཇན་ཊི་ན་ཡིས་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་ཐེངས་གསུམ་པ་བཀྱགས།

Argentina’s Lionel Messi holds up the trophy after winning the World Cup final soccer match between Argentina and France at the Lusail Stadium in Lusail, Qatar, Sunday, Dec.18, 2022. (AP Photo/Manu Fernandez)

འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༠ ནས་ཟླ་ ༡༢ ཚེས་ ༡༨ བར་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཀ་ཊར་ནང་ལོ་བཞི་རེའི་མཚམས་སུ་རྩེད་སྲོལ་ཡོད་པའི་འཛམ་གླིང་གསེར་འབུམ་གྱི་རྐང་སྤོལ་རྩེད་འགྲན་ཆེན་མོ་བསྡུས་ཡོད་ཅིང་། ཐོག་མའི་རྩེད་འགྲན་གྱི་རྒྱལ་ཁབ་ ༣༢ ཁྲོད་ནས་མཐའ་མའི་བཅུ་དྲུག་ནང་དུས་རྒྱུན་སྐད་གྲགས་ཆོད་པའི་འཇར་མན་ནི་ཚུད་མེད་ཀྱང་ཨེ་ཤ་ཡའི་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་ཉི་ཧོང། ཨ་ཧྥེ་རི་ཀའི་རྒྱལ་ཁབ་མོ་རོ་ཁོ་(Morocco) བཅས་ཚུད་པ་མ་ཟད། རྩེད་འགྲན་གྱི་སྐབས་སུ་ཐོབ་ཤག་ཡིན་པའི་ཨར་ཇན་ཊི་ན་དང་འཇར་མན་ནེའི་རུ་ཁག་གཉིས་ཉི་ཧོང་རྩེད་འགྲན་པ་དང་སོ་དྷའེ་ཨ་རབ་བྷིན་གྱི་ལག་ནས་ཕམ་པ་སོགས་ཅུང་ཡ་མཚན་པའི་གནས་ཚུལ་ཁག་ཅིག་བྱུང་། ཕྱི་ཚེས་ ༡༨ ཉིན་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇན་ཊི་ན་དང་ཕ་རན་སིའི་རུ་ཁག་བར་རྟིང་རྩོད་འགྲན་སྡུར་ཚ་བེར་བ་བྱས་མཐར་ཨར་ཇན་ཊི་ན་ལ་རྒྱལ་ཁ་ཐོབ་པ་དང་། ཨར་ཇན་ཊི་ནའི་རྩེད་འགྲན་པ་གྲགས་ཅན་མེ་སི་ལ་རྩེད་འགྲན་པ་ཡག་ཤོས་གསེར་གྱི་སྤོ་ལོ་ཐོབ་པ་དང་། ཧྥ་རན་སིའི་རྩེད་འགྲན་པ་ཨེམ་པ་པེ་ལ་སྤོ་ལོ་མང་ཤོས་ལྡུག་མཁན་གྱི་བྱ་དགའ་གསེར་ལྷམ་ཐོབ། དེ་བཞིན་ཨར་ཇན་ཊི་ནའི་སྒོ་ར་བ་མ་ཊི་ནོ་སི་( Emiliano Martínez)ལ་གསེར་གྱི་ལག་ཤུབ་ (golden gloves)། ཨར་ཇིན་ཊི་ནའི་རྩེད་འགྲན་པ་ཧྥ་ནན་ཌ་སི་(Enzo Fernández) ལ་ལོ་ཆུང་རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། སྙན་གྲགས་ཅན་གྱི་རྩེད་འགྲན་པ་མེ་སི་ཡི་མགོ་པར་ཨར་ཇན་ཊི་ནའི་དངུལ་ལོར་འགོད་དགོས་པའི་རེ་སྐུལ་བྱས་པ་ལྟར་ཡུལ་དེའི་དབུས་དངུལ་ཁང་གིས་བསམ་བློ་གཏོང་གི་ཡོད་པར་བཤད།

འབྲེལ་ཡོད་གསར་འགྱུར།

བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

སྐར་མ ༢༢ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༤ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese