རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་འཚོཊ།
ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ཡི་གྲོས་ཚོགས་གོང་མའི་ཚོགས་ཁང་(Senate Dirksen Building, Capitol Hill) དུ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་འཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱལ་ཁབ་མི་འདྲ་བ་ ༢༦ གི་སྐུ་ཚབ་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་ཆེན་དབུ་འབྱེད་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྙན་ལམ་བརྒྱུད། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐབས་ཆབ་སྲིད་ཙམ་དུ་མ་ཟད། བོད་ཀྱི་འཚེ་མེད་ཞི་བ་དང་བྱམས་བརྩེའི་རིག་གཞུང་མི་ཉམས་གོང་འཕེལ་ཐད་ཐུགས་འཁུར་བླང་དགོས་པའི་གསུང་འཕྲིན་སྩལ་གནང་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གཞུང་མང་གཉིས་ཀྱིས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བཞིན་པར་རྒྱལ་ཁབ་གཞན་གྱིས་དཔེ་བལྟས་ཏེ་བོད་དོན་ཐོག་སྔར་བས་རྒྱབ་སྐྱོར་ཤུགས་ཆེར་གནང་རྒྱུའི་རེ་སྐུལ་ཞུས། ཐེངས་འདིའི་ཚོགས་ཆེན་གྲོལ་རྗེས་ཕྱི་ཚེས་ ༢༤ ཉིན་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འགག་རྩ་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཤིག་ཀྱང་འཚོགས་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས།
ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་མེག་ཁོལ་ (Michael McCaul)ལགས། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ (James E. Risch) ལགས་སོགས་ལ་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་ནས་ཁེ་ན་ཌ་དང་ཉི་ཧོང་། ཅེག་སྤྱི་མཐུན་རྒྱལ་ཁབ། འཇར་མན་ནེ། སི་ཝེ་ཌིན། སྦེལ་ཇམ། ཨེ་ཊ་ལི། སུད་སི་སོགས་སུ་ཕེབས་ཏེ་བློན་ཆེན་དང་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་གྱི་རོགས་ཚོགས་ཁག་གི་མི་སྣ་སོགས་ལ་མཇལ་འཕྲད་གནང་། བལ་ཡུལ་དང་འབྲུག་ཡུལ་ཕུད་པའི་རྒྱ་གར་ནང་གི་མ་ན་ལི་ཕྱོགས་སོགས་གཞིས་ཆགས་ཁག་ཅིག་མ་གཏོགས་མང་ཆེ་བར་གཟིགས་ཞིབ་ཏུ་ཕེབས་ཟིན་ཡོད་པ་རེད།
ཧྥ་རན་སིར་བོད་མི་ཞིག་དམར་གསོད་བཏང་རྐྱེན་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱུང་།
ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༡ ཉིན་ཧྥ་རན་སིའི་ (Normandie) ས་གནས་སུ་ཡོད་པའི་ (Saint-Léonard) ཟེར་བའི་ (Fecamp) གྲོང་རྡལ་དང་ཐག་ཉེར་ཡོད་པའི་རྒྱ་མིའི་ཟ་ཁང་ཞིག་ནང་ལས་ཀ་བྱེད་མཁན། ཚུལ་ཁྲིམས་ཞེས་པ་ཞིག་ཟ་ཁང་གི་སྦྱིན་བདག་སོགས་ཀྱིས་གྲིས་བརྒྱབ་སྟེ་དམར་གསོད་བཏང་བར་བརྟེན། ཕྱི་ཚེས་ ༡༣ ཉིན་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། ས་གནས་དོན་གཅོད་འབྲེལ་མཐུད་པ། ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན། ས་གནས་ཀྱི་ཆོལ་ཁ་གསུམ་གྱི་སྐྱིད་སྡུག་གི་ཚོགས་གཙོ་ཚོགས་གཞོན་རྣམ་པ། དེ་བཞིན་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་འཐུས་མིས་ཛ་དྲག་ཚོགས་འདུ་བསྡུས་ཏེ། དོན་རྐྱེན་དེའི་སྐོར་གྲོས་བསྡུར་བྱས་ནས་ཐག་གཅོད་དོན་ཚན་ ༥ ཕྱིར་བསྒྲགས་བྱས་ཏེ། ཁྲིམས་རྩོད་པ་གླས་ནས་ཉེས་དོན་ཞིབ་བཤེར་བྱས་ཡོད་པ་མ་ཟད། ཧྥ་རན་སིའི་སྲིད་བློན་དང་ཁྲིམས་དོན་བློན་ཆེན། ནང་སྲིད་ལས་ཁུངས་དང་ཉེན་རྟོག་ལས་ཁུངས་བཅས་སུ་བོད་རིགས་ཚོགས་པའི་མིང་ཐོག་ནས་སྙན་ཞུ་ཕུལ་ཡོད་པ་རེད། དེ་བཞིན་ཟླ་དེའི་ཕྱི་ཚེས་ ༡༧ དང་། ༡༨ ཉིན་ཧྥ་རན་སའི་རྒྱལ་ས་ཕ་རི་སི་དང་དོན་རྐྱེན་བྱུང་ཡུལ་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གཞི་རྒྱ་ཆེ་བའི་མྱ་ངན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། རྒྱ་མིའི་ཟ་ཁང་དེའི་ནང་བོད་མི་ཁག་ཅིག་འཛུལ་ཏེ་སྒོ་སྒེའུ་ཁུང་དང་ནང་ལོགས་ཀྱི་ཅ་དངོས་སོགས་གཏོར་བཅོམ་བཏང་བ་དང་། རྒྱ་མིའི་ཟ་ཁང་ཁག་གི་ནང་ལས་ཀ་བྱེད་བཞིན་པའི་བོད་མི་མང་པོས་ཟླ་གཅིག་རིང་ལས་མཚམས་བཞག་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།
གྲོས་ཚོགས་ཚོགས་དུས་གཉིས་ཀྱི་གནས་ཚུལ་ཁག་ཅིག
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ཟླ་ ༣ ཚེས་ ༢༡ ནས་ ༣༡ བར་འཚོགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢་་་༢༠༢༣ ལོའི་ནང་འགྲོ་འཆར་ཧིན་སྒོར་ ༢,༥༤༢,༢༡༥,༧༤༩ དང་། ཡོང་འཆར་ཧིན་སྒོར་༢,༦༢༩,༩༡༠,༡༨༨། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་སྦེང་ལོར་ལྷོ་ཕྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་ལ་ཡོང་འཆར་ཧིན་སྒོར་ ༣,༨༢,༥༢,༩༤༡ དང་། འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་ ༣ བཅས་ནས་སྔོན་རྩིས་ཡོང་འཆར་ཧིན་སྒོར་ ༡,༢༥,༦༥,༩༡༢ བཅས་ཁྱོན་ཧིན་སྒོར་ ༥,༠༨,༡༨,༨༥༣ དང་། འགྲོ་འཆར་གྱི་ཐད་སྡེ་ཚན་གཉིས་ལ་ཁྱོན་ཧིན་སྒོར་ ༤,༦༧,༦༤,༡༤༥ བཀའ་འཁྲོལ་གཏན་འབེབ་གནང་། དེ་བཞིན་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༡ ནས་ ༢༠༢༡ བར་གྱི་འདས་པའི་ལོ་ངོ་ ༢༠ རིང་གི་མ་དངུལ་གྱི་གནས་བབ་སྐོར་གྱི་སྙན་ཐོ་བཏོན་ཏེ་བགྲོ་གླེང་བྱས། གཞན་ཡང་། ཚོགས་དུས་གསུམ་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ཞིག་བཏོན་པར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་བརྟེན་གཏན་འབེབ་མ་ཐུབ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། ཚོགས་དུས་ ༤ པའི་ཐོག་ཞབས་ཞུ་ཁང་དེ་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་བསྒྱུར་བར་མང་མོས་ཐག་གཅོད་བྱུང་།
བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཐེངས་བཞི་པ་གནང་།
ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ནང་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་དངོས་སུ་དབུ་འཛུགས་གནང་ཡོད་པ་ལྟར། ཕྱི་ཟླ་ ༨ པའི་མཇུག་བར་དུ་རྒྱ་བལ་གཉིས་ནང་བོད་མི་གྲངས་ ༦༥༧༠༠ ལྷག་བྱུང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ལས་ཁུངས་བཅུ་དང་ཕ་རི་སི་འབྲེལ་མཐུད་ལས་ཁུངས་གཅིག་བཅས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཁྱོན་བསྡོམས་མི་གྲངས་ ༥༢༡༧༠ ཡོད་པའི་ཁྲོད་ནས། མི་གྲངས་ ༢༢༠༥༩ ཡིས་ཐོ་འགོད་ཟིན་ཡོད་པ་དང་། མི་གྲངས་ ༣༠༡༡༡ གིས་ཐོ་འགོད་བྱས་མི་འདུག ཡིན་ནའང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་ནང་མི་འབོར་གྲངས་བཤེར་སྐོར་ལ་འགྲེལ་བརྗོད་གནང་སྐབས་ལས་གཞི་དེ་མུ་མཐུད་སྒོ་ཕྱེ་སྟེ་མ་འོངས་པར་བོད་མིའི་སྒྲིག་འཛུགས་ནས་ལས་གཞི་ལས་འཆར་བཟོ་བ་དང་འོས་བསྡུ་སོགས་ཀྱི་ཆེད་དུ་བཀོལ་སྤྱོད་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་དེ་ཕྱི་ལོ་ ༡༩༩༨ དང་། ༢༠༠༨ ། ༢༠༡༨ བཅས་སུ་གནང་ཡོད་ལ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་འབོར་བརྒྱ་ཆ་ལྔ་བཅུ་རེ་ཆགས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་ལྟར་སྤྱིའི་གྲངས་ཐོ་ལ་བལྟས་ན་ཧ་ཅང་ཉེ་བོ་ཆགས་ཀྱི་འདུག
བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བཏོན།
ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝེན་ (Jim McGovern)མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་མེ་ཁོལ་ (Michael McCaul)མཆོག་རྣམ་གཉིས་ཀྱིས། ད་ལྟའང་བོད་རྒྱའི་དཀའ་རྙོག་སེལ་མེད་པ་དང་། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་ད་དུང་ཐག་གཅོད་གནང་མེད་པར་ངོས་འཛིན་བྱས་པའི་ཐོག་ནས། རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་བོད་མི་རྣམས་ལ་བོད་ཀྱི་བདག་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དགོས་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་བཅས་པར་རྒྱལ་སྤྱིའི་སྟེང་འཁྱོག་བཤད་བྱེད་བཞིན་པ་དེར་ཁ་གཏད་ལངས་ཏེ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་ཨ་རིའི་གཞུང་གི་བསྒྲགས་གཏམ་དང་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་བོད་ཀྱི་དངོས་ཡོད་གནས་ཚུལ་འཁོད་དགོས་པ་མ་ཟད། ཨ་རིའི་གྲོས་ཚོགས་ལ་བོད་རྒྱའི་གྲོས་མོལ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འབུལ་དགོས་པ་སོགས་ཀྱི་སྐོར་བཀོད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གྲོས་འཆར་དེས་བོད་རྒྱ་འབྲེལ་མོལ་ཡོང་བར་ཤུགས་སྣོན་དང་བོད་མི་རྣམས་ཀྱིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་པར་ཕན་ཐོགས་ངེས་ཅན་ཡོད་པས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
ཡུ་རོབ་བོད་དོན་ཐབས་ཇུས་ཚོགས་འདུ་འཚོགས།
ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༨ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པོར་གྷོ་(Prague)རུ། བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་འབྲེལ་མོལ་གཏན་འཇགས་ཐབས་ཇུས་འཆར་བཀོད་ཚོགས་ཆུང་དང་སུད་སི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱི་བཀོད་སྒྲིག་འོག ཉིན་གཅིག་རིང་ཡུ་རོབ་བོད་དོན་ཐབས་ཇུས་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་མར་ཊིན་བྷུར་སིག་ (Martin Bursik) མཆོག་སོགས་ཕེབས་ཏེ་བོད་དོན་གསུང་བཤད་གནང་། ཚོགས་འདུར་ཡུ་རོབ་ཀྱི་གནས་བབ་དང་སྲིད་ཇུས་འཛིན་སྟངས། དེ་བཞིན་ཡུ་རོབ་ཀྱི་སྡིངས་ཆ་དུ་མ་དང་། ཡུ་རོབ་མཐུན་ཚོགས་ནང་བོད་དོན་གོ་རྟོགས་སྤེལ་ཐབས། བོད་ཀྱི་གནད་དོན་ཐད་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་གནང་། ཕྱི་ལོ་ ༢༠༢༢ ཟླ་དང་པོའི་ཚེས་ ༡༨ ཉིན་ལྕམ་སྐུ་རོ་བྷར་ཊཱ་མེཊ་སོ་ལཱ་(Roberta Metsola)མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱུང་ཡོད་པ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་
རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་གནང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༡ པ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ནས་ཟླ་ ༡༠ པའི་ཚེས་ ༡༢ བར་འཚོགས་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེའི་སྟེང་། ཨ་རི་གཙོས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་འཇར་མན་ནེ། ཌན་མག་སོགས་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ ༢༧ གྱི་འཐུས་མིས། རྒྱ་ནག་གཞུང་གིས་བོད་ནང་གཙོ་བོར་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སེམས་འཚབ་ཡོད་པའི་གྲོས་གཞི་བཏོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཁྲིམས་ཀྱི་འགན་འཁྲི་གཞིར་བཟུང་བོད་དང་ཡུ་གུར་སོགས་ཀྱི་གཞི་རྩའི་རང་དབང་ཁག་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་སྲུང་སྐྱོབ། མངོན་འགྱུར་ཡོང་བ་བཅས་བྱ་དགོས་པའི་ནན་སྐུལ་གནང་། དེ་བཞིན་ལྷན་ཚོགས་དེའི་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཏན་འཇགས་སྐུ་ཚབ་ལས་ཁུངས་ཀྱི་གོ་སྒྲིག་དང་དབྱིན་ཡུལ་དང་ཁེ་ན་ཌ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ནི་ཡ་བཅས་ཀྱི་མཐུན་འགྱུར་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཟུར་ཚོགས་ཤིག་འཚོགས་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་(Tibet, the Dalai Lama, and the Geopolitics of Reincarnation) བོད་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་ཡུལ་བབ་ཆབ་སྲིད་ཅེས་པའི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་། གཞན་ཡང་། འདི་ལོའི་ཕྱི་ཟླ་ ༠༦ ཚེས་ ༡༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ལྔ་བཅུ་པའི་ཐོག ཡུ་རོབ་ཀྱི་རྒྱལ་ཁབ་ནེའུ་ཌར་ལེན་ཌིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཆེན་མོ་པོལ་བྷེ་ཀར་སི་ (Paul Bekkers) ཡིས་རྒྱལ་ཁབ་ ༤༧ གྱི་ཚབ་བྱས་ཏེ། རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་(ཤིན་ཅང་) དང་ཧོང་ཀོང་། བོད་བཅས་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པ་དང་། ཡུན་རིང་ངང་སྒུག་བྱེད་བཞིན་པའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་འཕྲལ་དུ་འགྲེམས་སྤེལ་བྱ་དགོས་པའི་རེ་སྐུལ་ཞུས་ཡོད་འདུག
ཨ་མ་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཁྱིམ་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༢ འཁོར་བའི་དུས་ཆེན་སྲུང་གཙི་གནང་ཡོད་པ་དང་བསྟུན། དམིགས་བསལ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་ཕྲུག་ཚོའི་ཤེས་རིག་གི་ཆེད་དུ་བློས་གཏོང་གནང་བར་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་འཚོགས་ཏེ། བོད་ཕྲུག་ཁྱིམ་སྡེའི་ལས་སློབ་ངོ་ཟུར་ཡོངས་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་དངུལ་ལས་གྲུབ་པའི་སྒྲོལ་མའི་སྐུ་ཞིག་ཕུལ་ཡོད་པ་དང་། དེ་བཞིན་ཁོང་མོའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ “Ama La” ཞེས་པ་དང་། ལོ་རྒྱུས་སྙིང་བསྡུས་ཀྱི་ཕྱག་དཔེ་གངས་ཅན་བོད་ཀྱི་ཨ་མ་ལགས་ཞེས་པ་གཉིས་དང་། ཨ་མ་ལགས་ནས་དབྱིན་ཡིག་ནང་བརྩམས་གནང་བའི་ “Tibet: My Story” ཞེས་པའི་ཕྱག་དཔེ་བོད་འགྱུར་མ་དབུ་འབྱེད་གནང་། མཛད་སྒོའི་ཐོག་ཨ་མ་རྗེ་བཙུན་པདྨ་མཆོག་གིས་མ་འོངས་པར་བོད་ཕྲུག་ཁྱིམ་སྡེ་རོགས་ཚོགས་གཞན་ལ་རེ་མ་དགོས་པར་ང་རང་ཚོའི་སྤྱི་ཚོགས་ནང་དཔལ་འབྱོར་གང་འཚམས་ཡོད་པ་ཚོས་ཐུགས་འགན་བཞེས་ནས་རོགས་པ་གནང་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་གནང་།
གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོཊ་པ་གསར་འཛུཊ་གནང་།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༨ ཉིན་བྱང་ཨ་རིའི་རྒྱལ་ཁབ་མེག་སི་ཀོ་ཡི་གྲོས་ཚོགས་འོག་མའི་ཚོགས་གཞོན་སྐུ་ཞབས་སལ་ཝ་ཌོར་ཁེ་རོ་ཁེ་བྷི་རི་རཱ་ (Salvador Caro Cabrera) ལགས་ཀྱིས་སྣེ་འཁྲིད་པའི་མེག་སི་ཀོའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། རྒྱལ་ཁབ་དེའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱི་དགའ་བསུའི་འཚམས་འཕྲིན་བསྒྲགས་སྦྱངས་གནང་སྟེ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་སྔར་ལྷག་བོད་དོན་ལ་རྒྱབ་སྐྱོར་གནང་བའི་འབོད་སྐུལ་གནང་ཡོད་འདུག ཉིན་དེའི་ཕྱི་ཉིན་ས་གནས་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣ་ཆེད་བཅར་གྱིས་དགག་པ་བརྒྱབ་ཡོད་པ་མ་ཟད་རྒྱ་ནག་གི་དར་ཆ་སྒྲེང་འཛུགས་དགོས་པའི་རེ་བ་བཏོན། གཞན་ཡང་། ཕྱི་ཟླ་ ༡༢ ཚེས་ ༥ ཉིན་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ། བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཉི་ཧོང་གྲོས་ཚོགས་འཐུས་མི་ཁག་གཅིག་ལྷན་འཛོམས་ཐོག་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ལྟ་ཞིབ་བྱེད་མཁན་ཇུས་སྟོན་ཚོགས་ཆུང་ཞིག་གསར་འཛུགས་གནང་ཡོད་པ་དང་། ཇུས་སྟོན་ཚོགས་ཆུང་གི་ཚོགས་གཙོར་གུ་ཡངས་མང་གཙོ་ཚོགས་པའི་ཀི་ཇི་ཕུ་རུ་ཡ་ (Keiji Furuya) ལགས་བསྐོས།
དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་སྐྱེས་ཆེན་དམ་པ།
ཕྱི་ཟླ་ ༡༢ ཚེས་༨ ཉིན་གྱི་དགོང་མོར་ཞྭ་སེར་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས། ཕྱི་ཟླ་ ༡ ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་སུ། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་མཆོག་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་ཀྱི་རྡོ་གྲུབ་མཆོད་རྟེན་དགོན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས། ཕྱི་ཟླ་ ༢ ཚེས་ ༡༥ ཉིན་གྱི་ཞོགས་པར་སྐྱབས་རྗེ་འདུད་འཇོམས་སྐུ་ཕྲེང་གསུམ་པ་སངས་རྒྱས་པདྨ་བཞད་པ་མཆོག་དགུང་གྲངས་ ༣༢ ཐོག་གཟིམ་ཤག་ཏུ་དགོངས་པ་ཆོས་དབྱིངས་སུ་འཐིམས།
བུ་འཁྲིད་དཀར་པོ་ཆེ་ལགས་ཨོན་ཊེ་རེའོ་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་བདམས།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༥ ཉིན་བོད་རིགས་བུད་མེད་བུ་འཁྲིད་དཀར་པོ་ཆེ་ལགས་ཁེ་ན་ཌའི་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོགས་ཀྱི་སྐབས་ ༤༣ པའི་ཚོགས་གཞོན་དུ་འདེམས་ཐོན་བྱུང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོགདང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་བོད་མི་ཡོངས་ཀྱི་ཚབ་གནང་སྟེ་་ཁོང་མོའི་ཕྱག་ལས་རྣམས་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་སྦྲགས་འཚམས་འདྲི་གནང་། བུ་འཁྲིད་དཀར་པོ་ཆེ་ལགས་ཕྱི་ལོ་་༢༠༡༨ ལོར་ཐོག་མར་་ཨོན་ཊེ་རིའོ་གྲོས་ཚོགས་འཐུས་མིར་བདམས་ཡོད་པ་དང་ཕྱི་ལོ་ ༢༠༢༢ ཟླ་ ༦ ནང་བསྐྱར་དུ་འདེམས་ཐོན་བྱུང་། ཁོང་མོས་གྲོས་གཞི་བཏོན་པ་བརྒྱུད་ཨོན་ཊེ་རེའོ་མངའ་སྡེའི་ནང་ལོ་རེའི་ཕྱི་ཟླ་བདུན་པ་ནི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཟླ་བར་གཞུང་འབྲེལ་སྲུང་གཙི་གནང་གི་ཡོད་པ་དང་། ཁེ་ན་ཌའི་གནས་སྤོ་དུས་དེབ་(Canadian Immigrant Magazine)ཀྱིས། བུ་འཁྲིད་དཀར་པོ་ཆེ་ལགས་ཕྱི་ལོ ༢༠༢༢ ལོའི་ཡུལ་དེའི་གནས་སྤོ་བའི་གྲུབ་འབྲས་རྩེར་སོན་གྱི་མི་སྣའི་གྲས་སུ་བདམས་ཐོན་བྱུང་ཡོད་པ་རེད།