བོད་མིས་ད་བར་ལོ་གྲངས་ ༡༣༠༠ ཙམ་གྱི་རིང་རྒྱ་གར་གྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱས་པར་བརྟེན་དེང་སྐབས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་རྒྱུས་མངའ་ཆེ་ཤོས་ནི་བོད་མི་ཚོ་ཡིན་ཞེས་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་བའི་མཛད་སྒོ་འཚོགས་ཡོད་པ་དང་། ཐེངས་འདིའི་མཛད་སྒོའི་སྟེང་། རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ཀི་རཎ་རི་ཇི་ཇུ་མཆོག་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག དེ་བཞིན་བྷི་ཧར་མངའ་སྡེ་གཞུང་གི་སོ་ནམ་བློན་ཆེན་སྐུ་ཞབས་ཀུ་མར་ས་རྦ་ཇིཏ་མཆོག ཕྱི་སྲིད་ལྷན་ཁང་གི་ངེས་སྟོན་པ་སྐུ་ཞབས་ཨ་ནི་ཀེཏ་མཆོག (ICCR) གི་ཚོགས་གཙོ་བིནཡ་སཧསྲ་བུ་དྷེ་མཆོག སྤྱི་ཁྱབ་ངེས་སྟོན་པ་ཀུ་མཱར་ཏུ་ཧིན་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག དེ་བཞིན་དགོན་སྡེ་ཁག་གི་བླ་ཆེན་རྣམ་པ་སོགས་ཕེབས་འདུག
ཐོག་མར་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་ནས་ཕེབས་བསུའི་གསུང་བཤད་གནང་རྗེས། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཇི་ལྟར་ཀུན་གྱིས་དགོངས་གསལ་བཞིན་རྒྱ་གར་འཕགས་པའི་ཡུལ་ནི་ཆེས་གནའ་བོའི་དུས་ནས་ཤེས་ཡོན་དང་། རིག་གནས། སྒྱུ་རྩལ་རྣམ་གྲངས་མང་པོའི་འབྱུང་གནས་སུ་གྱུར་ཡོད། རྒྱ་གར་ལྟ་བུའི་རྒྱ་ཆེ་གཏིང་ཟབ་ཀྱི་རིག་གཞུང་སྣ་མང་འཇིག་རྟེན་འདིའི་ཡུལ་ལུང་གཞན་དག་གང་དུའང་བྱུང་མེད། ལོ་ ༢༦༠༠ སྔོན་སྟོན་པ་འཇིག་རྟེན་དུ་མ་བྱོན་པའི་སྔོན་ནས་རྟོག་གེ་སྡེ་ལྔའམ། ལྟ་བའི་སྲོལ་རྒྱུན་དྲུག་ཅེས་གྲགས་པ། གྲངས་ཅན་པ་དང་། དཔྱོད་པ་བ། བྱེ་བྲག་པ། རིགས་པ་ཅན་པ། རྒྱང་འཕེན་པ་སོགས་དར་ཁྱབ་བྱུང་ཟིན། སངས་རྒྱས་པ་དང་རྒྱལ་བ་པ་ནི་ཕལ་ཆེར་དུས་མཉམ་དུ་བྱུང་། ལྟ་གྲུབ་དེ་དག་ཐམས་ཅད་རིགས་པ་ཡང་དག་ལ་བརྟེན་ནས་དཔྱད་མཐར་རྙེད་པའམ། རིགས་པའི་དཔྱད་བཟོད་ཤ་སྟག་ལས། བསམ་གྱིས་མི་ཁྱབ་པའམ་རྟོག་གེའི་སྤྱོད་ཡུལ་ལས་འདས་པར་བཤད་ནས་རྨོངས་དད་བྱ་དགོས་སྨྲ་མཁན་གཅིག་ཀྱང་མེད། མདོ་དོན་རིགས་པའི་ལམ་ནས་དཔྱད་པའི་ཚུལ་ནུབ་ཕྱོགས་པའི་ “ལོ་ཇིཀ་” འམ་ “རེ་ཤི་ནལ་” གྱི་བསམ་ཚུལ་ཐོག་མ་རྒྱ་གར་དུ་བྱུང་ཞིང་། དེང་རབས་ཀྱི་ “ལོ་ཇིཀ་”གཞུང་ལུགས་ལས་ཆེ་ཕྲ་ཞིང་ཟབ་པ་ཡིན། སངས་རྒྱས་ཀྱིས་རང་གི་གསུང་ལའང་རིགས་པས་མ་བརྟག་པར་ཁས་བླང་མི་རུང་བ་གསུངས་ཡོད་བས། སྲོལ་རྒྱུན་འདི་དག་དེང་རབས་ཀྱི་ཤེས་ཡོན་ལས་མདུན་བསྐྱོད་ཧ་ཅང་ཆེ་བ་ཡོད། ནང་པ་སངས་རྒྱས་པའི་བཀའ་བསྟན་གཙོ་བོར་གྱུར་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕལ་མོ་ཆེའི་སྲོལ་རྒྱུན་བོད་དུ་དར་བ་མ་ཟད། དེ་དག་གི་གཞུང་ལུགས་ཀྱང་རྒྱ་གར་གྱི་སྐད་རིགས་སྣ་ཚོགས་ནས་བོད་དུ་བསྒྱུར་ཏེ་ཕྱི་ལོ་བརྒྱ་ཕྲག་བདུན་པ་ནས་བཟུང་བརྒྱ་ཕྲག་བཅུ་གཉིས་པ་ཙམ་གྱི་བར་རྒྱ་གར་གྱི་པཎ་ཆེན་དང་། བོད་ཀྱི་ལོ་ཙཱ་བ་བརྒྱ་ཕྲག་མང་པོས་བཀའ་འགྱུར་དང་བསྟན་འགྱུར་པོད་ཆེན་སུམ་བརྒྱ་སུམ་ཅུ་ཙམ་གྱི་ནང་གཞུང་ཚན་ཆེ་ཆུང་དྲུག་སྟོང་ལ་ཉེ་བ་ཞིག་བསྒྱུར་ཡོད། བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ཀྱི་ལམ་ སྲོལ་ནི་ལེགས་སྦྱར་གཙོ་བོར་གྱུར་པའི་རྒྱ་གར་གྱི་སྐད་རིགས་ཁག་དང་དོ་མཉམ་པ་མ་ཟད། སྒྲ་སྒྱུར་གྱི་ལམ་སྲོལ་རྒྱལ་པོའི་བཀའ་བཅད་ཁག་ལ་བརྟེན་ནས་རྒྱ་གར་གྱི་པཎ་ཆེན་དང་བོད་ཀྱི་ལོ་ཙཱ་བ་ཟུང་འབྲེལ་གྱིས་བསྒྱུར་ཏེ་སྒྲ་སྒྱུར་ལྷན་ཚོགས་ནས་དག་མཆན་དགོས་པར་བརྟེན། འཇིག་རྟེན་འདིའི་སྒྲ་སྒྱུར་གྱི་བྱུང་རབས་ནང་རྒྱ་གར་ནས་བོད་དུ་འགྱུར་བ་ལྟ་བུའི་སྒྲ་སྒྱུར་གྱི་གཞུང་ལུགས་ཀྱི་གྲངས་དང་སྤུས་ཚད་རྨད་དུ་བྱུང་བ་གཞན་གང་དུའང་བྱུང་མེད། ད་ལྟ་ལེགས་སྦྱར་གྱི་རྩ་དཔེ་བརླགས་ཟིན་པ་རྣམས་བོད་སྐད་ནས་ཇི་མ་ཇི་བཞིན་བསྐྱར་གསོ་ཐུབ་ཀྱི་ཡོད། ཅེས་གསུངས།
ཡང་ཁོང་གིས། མདོ་དོན་སངས་རྒྱས་པའི་ལྟ་གྲུབ་དང་། ཚན་རིག ཆོས་ལུགས་གསུམ་ཀའི་གཞུང་ལུགས། ཐེག་པ་གསུམ་དང་། མདོ་སྔགས་གཉིས། རིག་པའི་གནས་ལྔ་སོགས་ཚང་བའི་གཞུང་རྒྱ་ཆེ་ལ་གྲངས་མང་བ་བོད་སྐད་ཁོ་ན་ལས་མེད་ཅིང་། འཆད་ཉན་ཡང་བོད་སྐད་རྐྱང་པ་ལས་མེད། སངས་རྒྱས་པའི་ལྟ་གྲུབ་ཙམ་མ་ཟད། གོང་སྨོས་ཀྱི་ལྟ་གྲུབ་གཞན་ཁག་གི་བཤད་སྲོལ་ཡང་བོད་སྐད་ཀྱི་གཞུང་ལུགས་སུ་ཡོད་པ་དང་མཚུངས་པར་རྒྱ་གར་དུ་མ་བཞུགས། གོང་དུ་ཞུས་པའི་ལྟ་བའི་སྲོལ་རྒྱུན་ ༦ གི་བཞེད་པ་དེ་ལྟར་ནང་པ་ལས་གཞན་པའི་གནའ་བོའི་ལྟ་གྲུབ་ཁག་གི་དབྱེ་བ་དང་། འདོད་ཚུལ་སོགས་ལང་ཀར་གཤེགས་པའི་མདོ་དང་མདོ་ཚངས་པའི་དྲྭ་བ་སོགས་བཀའ་དང་། རྟོག་གེ་འབར་བ་རྩ་འགྲེལ། དབུ་མ་རིན་ཆེན་ཕྲེང་བ། དེ་ཁོ་ན་ཉིད་བསྡུས་པ། རྣམ་འགྲེལ་སོགས་བསྟན་བཅོས་མང་པོའི་ནང་། སྐབས་རེར་ཕྱོགས་ལྔ་དང་། སྐབས་རེ་སོ་སོའི་འདོད་ཚུལ་སོགས་འཁོད་པ་མཐའ་ཡས་ཤིང་། བོད་ཀྱི་མཁས་པས་བརྩམས་པའི་ གྲུབ་མཐའི་བསྟན་བཅོས་རྣམས་སུ་རྒྱ་ཆེར་གསལ་བ་མ་ཟད། ཞི་འཚོ་དཔོན་སློབ། ཨ་ཏཱེ་ཤ ཤྭཀྱ་ཤྲཱི་སོགས་རྒྱ་གར་གྱི་པཎ་གྲུབ་གྲགས་ཅན་བརྒྱ་ཕྲག་མང་པོ་བོད་དུ་བྱོན་ཞིང་། བོད་ཀྱི་ན་གཞོན་སྟོང་ཕྲག་མང་པོ་རྒྱ་གར་དུ་སློབ་གཉེར་ལ་འོང་བ་སོགས་མདོ་དོན་ཕྱི་ལོ་བརྒྱ་ཕྲག་བདུན་པ་ནས་བཟུང་བཅུ་གཉིས་པའི་མགོ་སྟོད་ཙམ་བར་ལོ་གྲངས་ལྔ་བརྒྱ་ཙམ་རིང་འཕགས་བོད་རིག་གཞུང་གི་འབྲེལ་བ་གཏིང་ཟབ་བྱུང་རྐྱེན་བོད་དུ་རྒྱ་གར་གྱི་རིག་གཞུང་ཡོངས་རྫོགས་དར་ཞིང་། བོད་མིས་ད་བར་ལོ་གྲངས་ ༡༣༠༠ ཙམ་གྱི་རིང་འཛིན་སྐྱོང་སྤེལ་གསུམ་བྱས་རྐྱེན་དེང་སྐབས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་རྒྱུས་མངའ་ཆེ་ཤོས་ནི་བོད་མི་ཚོ་ཡིན། ཞེས་གསུངས་སོང་།
ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། རྒྱ་གར་དུ་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པ་ཙམ་ནས་བཟུང་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་འགྱུར་བ་སྣ་ཚོགས་དང་། ལྷག་པར་དུ་ནུབ་ཕྱོགས་པའི་དེང་རབས་ཀྱི་ལམ་སྲོལ་དར་ཁྱབ་དབང་གིས་གནའ་བོའི་རིག་གཞུང་ལ་ཉམས་ཆག་ཤུགས་ཆེ་བྱུང་བ་ད་ལྟའང་ཉམས་གསོ་ཚད་ལྡན་བྱུང་མེད། ད་ལྟའི་འཇིག་རྟེན་འདིའི་འགྲོ་བ་ཡོངས་རྫོགས་སྙིགས་མའི་རྒུད་པ་དམག་དང་། འཚེ་བ། འདྲ་མཉམ་དྲང་བདེན་མེད་བ། ཁོར་ཡུག་ཉམས་ཆག ས་གཞིའི་ཚ་དྲོད་འཕེལ་བ། གནམ་གཤིས་འགྱུར་ལྡོག་སོགས་ཀླན་ཀ་དུ་མས་གཙེས་པའི་དུས་སྐབས་འདིར་སྐྱེ་རྒུའི་བདེ་སྐྱིད་སླར་གསོ་དང་། ཀླན་ཀའི་གདོང་ལེན་བྱེད་ཕྱོགས་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནས་བྱུང་བའི་སྙིང་རྗེའི་སེམས་དང་། འཚེ་བ་མེད་པའི་སྤྱོད་པ་གཉིས་ལས་གཞན་དུ་རྙེད་དཀའ། དེའི་ཕྱིར་རྒྱ་གར་བས་གནའ་དུས་ལྟར་འཇིག་རྟེན་བླ་མའི་ཐུགས་འགན་དེ་བསྐྱར་དུ་བཞེས་དགོས་པའི་དུས་ལ་བབས་ཡོད། འདི་ནི་རྒྱ་གར་ཡུལ་མི་ཡོངས་ཀྱི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འདོར་དུ་མེད་པའི་ལས་འགན་ཡིན། ཞེས་དང་། བོད་དུ་འགྲོ་བ་མིའི་སྤྱི་ཚོགས་བྱུང་བ་ནས་རྒྱ་གར་གྱི་སྐྱབས་འོག་ཏུ་འཚོ་ཞིང། ལྷག་པར་དུ་ཕྱི་ལོ་བརྒྱ་ཕྲག་བདུན་པ་ནས་སངས་རྒྱས་ཀྱི་བསྟན་པ་གཙོ་བོར་གྱུར་བའི་རིག་པའི་གནས་ཡོངས་རྫོགས་དང་། དེའི་གཞི་རྩ་སྐད་ཡིག་དང་བཅས་པ་རྒྱ་གར་ནས་བྱུང་བ་ཡིན་པས། རྒྱ་གར་གྱི་བཀའ་དྲིན་གཞལ་བར་དཀའ། ཡང་སྒོས་ཕྱི་ལོ་ ༡༩༥༩ ནས་བཟུང་བོད་མི་འབུམ་ལ་ཉེ་བ་རྒྱ་གར་དུ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་ངོ་བོར་འབྱོར་ཏེ་འདས་པའི་ལོ་ངོ་ ༦༤ རིང་རྒྱ་གར་གཞུང་མང་གི་རོགས་སྐྱོར་འོག་འཚོ་བའི་བཀའ་དྲིན་ནི་དེ་བས་ཀྱང་གཞལ་བར་དཀའ། ཞེས་གསུངས།
ཁོང་གིས་མུ་མཐུད་དུ། ༧གོང་ས་མཆོག་གིས་རྒྱ་གར་གྱི་བཀའ་དྲིན་གསབ་ཆེད་བོད་མིས་སྒྲུབ་ཐུབ་པའི་བྱ་བ་གཅིག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན་པར་གཟིགས་ནས། གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་སྔོན་ཡོད་གསུམ་གྱི་ཐོག་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁྱབ་སྤེལ་གནང་རྒྱུ་དེ་བསྣན་ཡོད། སྤྱིར་བཏང་ལས་དོན་འདིའི་ཆེད་སཱ་ར་ནཱ་ཐའི་གཙུག་ལག་སློབ་ཁང་དང་། དྷ་སའི་དཔེ་མཛོད་ཁང་། དྷ་སའི་རིགས་ལམ་སློབ་གཉེར་ཁང་། ས་རྭའི་མཐོ་སློབ། བོད་ཀྱི་སྨན་རྩིས་ཁང་། ཏཱ་ལའི་བླ་མ་མཐོ་སློབ། ལྡི་ལི་བོད་ཁང་། ལྡི་ལི་ཀུན་ཁྱབ་འགན་ཁུར་ཐེབས་རྩ་སོགས་ལྟེ་གནས་མང་པོས་ལས་དོན་བྱེད་བཞིན་ཡོད། ད་དུང་དེ་དག་གི་ལས་དོན་ལ་ཤུགས་ནུས་ཐེབས་ཐབས་དང་། རྒྱ་བསྐྱེད་གཏང་རྒྱུ། དེ་བཞིན་༧གོང་ས་ཏཱ་ལའི་བླ་མའི་གདན་ས་ཞིག་རྒྱ་གར་དབུས་འགྱུར་མ་ག་དྷ་ལ་གཏན་ཚུགས་ཡོང་ཆེད་ད་ལྟའི་ལྟེ་གནས་འདི་འཛུགས་སྐྲུན་ཞུ་གི་ཡོད། ལྟེ་གནས་འདིར་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཡོད་དོ་ཅོག་ལ་སློབ་གཉེར་དང། ཉམས་ཞིབ། མཚུངས་བསྡུར། འབྲི་རྩོམ། དཔར་སྐྲུན། སྒོམ་སྒྲུབ་ཉམས་ལེན། ཚོད་བལྟ་སོགས་དོན་གཉེར་བ་སོ་སོའི་གང་ལ་ཅི་འདོད་ཀྱི་ལས་དོན་སྒྲུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན། འོན་ཀྱང་ལྟེ་གནས་འདི་མཐོ་སློབ་བམ་གཙུག་ལག་སློབ་ཁང་ཞིག་གི་ངོ་བོ་མ་ཡིན་པར། རང་དབང་གིས་སློབ་སྦྱོང་དང་། ཉམས་ཞིབ། སྒོམ་སྒྲུབ་སོགས་གཙུག་ལག་སློབ་ཁང་གི་སྒྲིག་གཞིས་འཆིང་བ་མེད་པར། སློབ་གཞི་དང་། དུས་ཡུན། རྒྱུགས་སྤྲོད་སོགས་ངེས་མེད་རང་འདོད་ལྟར་བྱེད་ཆོག་པ་དང་། ཡིག་རྨོངས་ཤིག་ཡིན་རུང་ངག་ཐོག་སྦྱོང་བདར་བྱ་བའི་མཐུན་རྐྱེན་སོགས་བསྐྲུན་རྒྱུ་དང་། ཡང་གཙུག་ལག་སློབ་ཁང་གི་སྒྲིག་མཐུན་སློབ་སྦྱོང་དང་ཉམས་ཞིབ་བྱེད་མཁན་རྣམས་ལའང་དཔེ་མཛོད་དང། ཆེད་མཁས་པའི་ལམ་སྟོན། ཕྱོགས་བསྐྱོད། གནས་ཚུལ་འཚོལ་སྒྲུབ་སོགས་ལ་མཐུན་འགྱུར་བྱ་རྒྱུ། གཙུག་ལག་སློབ་ཁང་སོ་སོར་དགོས་མཁོ་དང་འཚམ་པའི་སློབ་འཆར་སྣ་ཚོགས་བསྐྲུན་རྒྱུ་སོགས་དང་། དཔེ་མཛོད་དང་འགྲེམས་སྟོན་ཁང་དུ་༧གོང་ས་སྐུ་ཕྲེང་ཡོངས་ཀྱི་གསུང་འབུམ་གཙོ་བོར་གྱུར་པའི་འཕགས་བོད་གནའ་བོའི་རིག་གཞུང་གི་གསུང་རབ་ཇི་བཞུགས་དང་། དངོས་རྫས་རྙིང་པའི་རིགས་སོགས་བསྡུ་རུབ་ཀྱིས་སྦྱོང་བདར་དང་ཉམས་ཞིབ་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་བཟོ་རྒྱུ། དེ་བཞིན་དུས་ཡུན་རིང་ཐུང་སྣ་ཚོགས་ཀྱི་སློབ་གཞི་སྣ་ཚོགས་བསྐྲུན་ནས་ལྟེ་གནས་ནས་ཐད་ཀར་རམ་སློབ་ཁང་གཞན་དག་བརྒྱུད་སློབ་ཁྲིད་བྱ་རྒྱུ་སོགས་དང་། དེའི་ཆེད་དགེ་རྒན་དང་ཁྱད་ལས་པ་རྣམས་ལ་འོས་སྦྱོང་དུས་ཡུན་རིང་ཐུང་སྣ་ཚོགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་དགེ་ལས་སློབ་ཕྲུག་རྣམས་དུས་ཡུན་རིང་ཐུང་ཅི་རིགས་ལྟེ་གནས་སུ་བཞུགས་ཡུལ་ཁང་པ་དང་། འཛིན་ཁང་། སྒོམ་སྒྲུབ་སྤྱིལ་བུ་བསྐྲུན་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
ལྟེ་གནང་ཁང་གི་མཚན་གྱི་སྐོར་ལ་རིན་པོ་ཆེ་མཆོག་གིས། ལྟེ་གནས་འདི་ཐོག་མ་དཔལ་ནཱལནྡཱའི་ལྟེ་གནས་ཞེས་བཏགས་ཀྱང་། རྗེས་སོར་༧གོང་ས་ མཆོག་ནས་ནང་པ་ཙམ་མ་ཡིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཆ་ཚང་མཚོན་ཆེད་ཏྭ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ཞེས་འབྲེལ་ཡོད་ཡོངས་དང་གོ་བསྡུར་གྱིས་བསྒྱུར་གནང་མཛད་པ་ལྟར། ཡིག་ཆ་རྙིང་པ་ཚོའི་ནང་མཚན་བསྒྱུར་ཞུ་རྒྱུའི་ལས་རིམ་རིམ་པས་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ནས་སོ་ནམ་བློན་ཆེན་སྐུ་ཞབས་ཀུ་མཱར་སརྦ་ཇིཏ་ (Shri Kumar Sarvjeet) ལགས་ནས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱི་ཏཱིཤ་ཀུ་མཱར་མཆོག་གི་སྐུ་ཚབ་ཏུ་བསྒྲགས་གཏམ་སྒྲོག་སྦྱང་གནང་སོང་། དེའི་རྗེས་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ཀི་རཎ་རིཇིཇུ་ (Shri Kiren Rijiju) མཆོག་གིས། ང་རང་རྡོ་རྗེ་གདན་དུ་ཐེངས་མ་འགའ་ཤས་བསླེབས་མྱོང་ཡོད། རྡོ་རྗེ་གདན་དུ་ག་དུས་བསླེབས་རུང་སེམས་ལ་ཞི་བདེ་ཡོང་བ་དང་། གནས་ཁྱད་པར་ཅན་འདིར་བསླེབས་ཏེ་ང་རང་ལ་བདེ་སྐྱིད་སྤེལ་བ་དང་བྱིན་རླབས་གནང་གི་འདུག ཅེས་དང་། མཐོ་སློབ་འདིར་རྒྱ་གར་གཞུང་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་གཙུག་ལག་སློབ་ཁང་འདི་འཛམ་གླིང་ནང་གི་གཙུག་ལག་སློབ་ཁང་སྙན་གྲགས་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་དང་། རྒྱ་གར་གྱི་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ། འབྱུང་འགྱུར་གཙུག་ལག་སློབ་ཁང་འདི་ལེགས་གྲུབ་ཡོང་བར་སྨོན་འདུན་ཡོད་སྐོར་སོགས་གསུངས་སོང་།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་གྱི་གནས་འདིར་ཆོས་ལུགས་དད་པ་ཡོད་མེད་ལ་མ་ལྟོས་པར། ང་ཚོས་སངས་རྒྱས་ལ་དགའ་མོས་བྱ་རྒྱུ་དང་། གཙོ་བོ་སངས་རྒྱས་ཀྱིས་གསུངས་པའི་བྱམས་བརྩེ་ཟེར་བ་དེ་དངོས་གནས་དྲང་གནས་ཀྱིས་འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པ་དང་གལ་ཆེན་པོར་རྩིས་ནས། Bodhgaya ཟེར་བའི་གནས་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚང་མ་བྱམས་བརྩེ་རྩ་བར་བརྒྱུད་པའི་སངས་རྒྱས་ཀྱི་ཆོས་གསར་དུ་བཙུགས། དེ་ནས་ཡར་རྒྱས་ཕྱིན་པ་ཞིག་ཡིན་དུས་ཚང་མས་འདིར་དམིགས་བསལ་གྱིས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་སངས་རྒྱས་ཀྱི་ཆོས་འདི་རང་རང་སོ་སོའི་ལྟ་གྲུབ་འཁྱེར་ནས་འགྲོ་བསྡད་པ་གཅིག་པོ་མ་རེད། སེམས་ཅན་ཐམས་ཅད་ཀྱིས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་པ་རེད། དེ་ཡང་བདེ་བ་ཐོབ་པ་དང་སྡུག་བསྔལ་མ་ཡོང་བ་དེར་ཡིད་སྨོན་བྱས་པ་ཙམ་མིན་པར། སྡུག་བསྔལ་གྱི་རྩ་བ་འདི་སེམས་ཀྱི་ཞེ་སྡང་དང་རང་གཅེས་འཛིན་གྱིས་སྡུག་བསྔལ་མྱོང་གི་ཡོད་པ་རེད། བདེ་སྐྱིད་ཟེར་བ་དེ་གཞན་གཅེས་འཛིན་གྱི་ཐོག་ནས་ཡོང་གི་ཡོད་པ་རེད། འདི་དངོས་ཡོད་གནས་ཚུལ་རེད། ཆོས་ཀྱི་སྐད་ཆ་མ་རེད། དེ་ཡང་། དེང་སང་འཛམ་གླིང་གི་ཚན་རིག་མཁས་པ་མང་པོ་ཞིག་གིས་སེམས་ཞི་བདེ་ཡོད་ན་ལུས་ངག་གི་བྱ་བ་ཚང་མ་འཚེ་བ་མེད་པའི་ཞི་བདེ་ཡོང་ཐུབ་རྒྱུ་དང་། སེམས་ལ་ཞི་བདེ་མེད་ན་ཇི་ལྟར་དུ་འདྲ་ཆགས་པོ་དང་ཡིད་དུ་འོང་བ་གང་འདྲ་ཞིག་ཡོད་ནའང་ཞེ་སྡང་གིས་ཀུན་ནས་བསླངས་ཡོད་ན་སེམས་ལ་ཞི་བདེ་ཡོང་ཐུབ་ཀྱི་མེད་སྐོར་སོགས་བཤད་ཀྱི་ཡོད་པ་རེད། ཆོས་ཁས་བླངས་ནའང་རེད། ཆོས་ཁས་མ་བླངས་ནའང་རེད། གང་ལྟར་སེམས་པ་བཟང་པོ་བྱ་རྒྱུ་འབྱུང་ན་ཆོས་དང་ཞི་བདེའི་རྩ་བ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་སེམས་པ་བཟང་པོ་བྱ་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་དང་འབད་རྩོལ་བྱ་འོས་པ་ཞིག་རེད་འདུག གཞན་དོན་འདོད་མཁན་གྱི་བློ་གང་འཚམ་ཡོད་ན་ཞི་བདེའི་ལྡོག་ཕྱོགས་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་དེ་དག་རང་བཞིན་གྱིས་འཇོམས་འགྲོ་རྒྱུ་ཡོད་པ་རེད། ཅེས་གསུངས་སོང་།
ཡང་༧མགོན་པོ་གང་ཉིད་མཆོག་གིས། རྒྱ་གར་ལུང་པ་འདིར་ཆོས་དད་དམིགས་བསལ་ཡོད་ན་རེད་མེད་ནའང་རེད། འཚེ་བ་མི་བྱ་རྒྱུའི་དམིགས་ལྟོས་ཡག་པོ་ཞིག་ཡོད་པ་རེད། ད་དུང་ང་ཚོ་འཛམ་གླིང་འདི་ཞི་བདེ་དགོས་ན། རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་བ་དང་སྤྱོད་པ་དེ་དག་རྒྱ་བསྐྱེད་གཏང་ཐུབ་རྒྱུ་ཞིག་ཡོད་པ་རེད། ཆོས་ལ་དད་པ་བྱེད་དང་མི་བྱེད་ནི་སོ་སོ་སྒེར་གྱི་དོན་དག་རེད། འཚེ་བ་མི་བྱེད་པའི་རྒྱུ་མཚན་དེ་ཆོས་ལ་བརྟེན་ནས་བསམ་བློ་གཏང་པ་ཡིན་ནའང་ཧ་ཅང་ཡག་པོ་རེད། གལ་སྲིད་ཆོས་མེད་ནའང་། འཚེ་བ་མི་བྱ་རྒྱུ་དེ་གཙོ་བོ་བྱས་ཏེ་ཕྱིན་པ་ཡིན་ན་ཧ་ཅང་གིས་ཡག་པོ་རེད་འདུག དེར་བརྟེན། རྒྱ་གར་གྱི་རྒྱལ་ཁབ་ནི་འཚེ་བ་མི་བྱ་རྒྱུའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ་རེད། ད་དུང་ཆོས་ལུགས་རིས་མེད་ཀྱང་ཆགས་ཀྱི་འདུག འཛམ་གླིང་གི་ཆོས་ལུགས་ཚང་མ་རྒྱ་གར་ནང་དུ་ཡོད་པ་རེད། དེར་བརྟེན་ང་ཚོ་རྒྱ་གར་ནང་དུ་བཙན་བྱོལ་བ་ཆགས་པ་དེ་སྐལ་བ་བཟང་པོ་རེད་འདུག ཆོས་ལུགས་རིས་མེད་དང་འཚེ་བ་མེད་པར་བརྟེན་པའི་རྒྱལ་ཁབ་འདིའི་ནང་དུ་ང་ཚོ་ཡོད་པ་དེ། ང་ཚོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡག་པོ་བྱུང་བ་རེད། ཚང་མ་བསྡད་ས་དེ་འཚེ་བ་མེད་པའི་ལུང་པ་ཞིག་ལ་བསྡད་པ་ནང་བཞིན། སོ་སོ་རང་གི་ཉིན་རེ་བཞིན་དུ་བསམ་བློ་གཏོང་སྟངས་དེ་གཞན་ལ་འཚེ་བ་མི་བྱ་རྒྱུ་དང་། མཐའ་གཅིག་ཏུ་བརྩེ་བ་བྱ་རྒྱུའི་བསམ་བློ་གཏང་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་རེད། ཅེས་བཀའ་སློབ་ལམ་སྟོན་གནང་སོང་།
མཇུག་ཏུ་༧གོང་ས་མཆོག་ནས། ང་ཚོ་ཉིན་ཞག་དུས་གཅིག་གི་མི་ཚེ་སྐྱེལ་བའི་ནང་སེམས་པ་བཟང་པོ་བྱང་ཆུབ་སེམས་ཀྱི་ཐོག་ནས་གཞན་ཕན་གཙོ་བོ་བྱས་ནས་མི་ཚེ་སྐྱེལ་རྒྱུ་དང་། གཞན་ཕན་སྒྲུབ་དུས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་དང་གཞན་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོང་རྒྱུ་ཞིག་ཡག་པོ་རྩད་གཅོད་བྱས་ནས། བྱང་ཆུབ་ཀྱི་སེམས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་གཞན་ཕན་བསྒྲུབ་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད། ཅེས་གསུངས་སོང་།
གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་བསྟན་འཛིན་ཕུར་བུས་སྤེལ།