འདི་ལོར་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་རུ་འཚོགས་པའི་གངས་ཤུད་རྩེད་འགྲན་ཁྲོད་བོད་རིགས་ལུས་རྩལ་བ་དག་གིས་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གཉིས་བཅས་བླངས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ནས་ཉིན་གཉིས་རིང་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རི་འཛེགས་ཀྱི་རྩེད་འགྲན་ཁྲོད། བོད་རིགས་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་ལགས་ལ་ལོ་ ༡༨ མན་གྱི་བུ་མོའི་རྩེད་འགྲན་ནང་ཨང་དང་པོ་ཐོབ་ཡོད་པ་དང་། ལོ་ ༡༦ མན་གྱི་སྐྱེས་པའི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་ཀུན་བཟང་རྣམ་རྒྱལ་ལགས་ལ་གསེར་གྱི་རྟགས་མ་ཐོབ་ཡོད་འདུག དེ་བཞིན་དངོས་གྲུབ་ཚེ་རིང་ལགས་ལ་དངུལ་གྱི་རྟགས་མ་ཐོབ་ཡོད་པ་མ་ཟད། ལོ་ ༡༦ མན་གྱི་བུ་མོའི་འགྲན་སྡུར་ཁྲོད་ནམ་མཁའ་བུ་ཁྲིད་ལགས་ལ་ཨང་གཉིས་པ་བཅས་ཐོབ་འདུག
དེ་བཞིན་ལོ་ ༡༦ མན་གྱི་བུ་མོའི་འགྲན་སྡུར་ནང་ཨ་ཉི་བུ་མོ་ལ་ཨང་བཞི་པ་དང་། ལོ་ ༢༠ མན་གྱི་བུ་མོའི་རྩེད་འགྲན་ཁྲོད་བསོད་ནམས་ཆོས་སྒྲོན་ལགས་ལ་ཨང་བཞི་པ། གཡུ་སྒྲོན་ལྷ་མོ་ལགས་ལ་ཨང་ལྔ་པ་བཅས་ཐོབ་ཡོད་འདུག་ལ། འདི་ལོར་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིར་ཐོག་མར་འཚོགས་པའི་གངས་ཤུད་རྩེད་འགྲན་ཁྲོད། ཧྥ་རན་སི་དང་། ནོར་ཝེ། རྒྱ་ནག་སོགས་རྒྱལ་ཁབ་ ༡༢ ཀྱི་རྩེད་འགྲན་པ་མི་གྲངས་ ༡༢༠ ལྷག་གིས་འཛུལ་ཞུགས་བྱས་ཡོད་འདུག
ཐེངས་འདིའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རྩེད་འགྲན་འདི་ནི་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པར་ཨོ་རྩལ་ལྷན་ཚོགས་ཀྱིས་གཏན་འབེབ་བྱས་ཤིང་། ཕྱི་ལོ་ ༢༠༢༦ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ལས་གཞི་གསར་པ་ཞིག་ཡིན་འདུག འདས་ལོའི་ཕྱི་ཟླ་ ༥ ནང་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་རྣམས་འདེམས་ཐོན་བྱུང་སྟེ། ཡུ་རོབ་ཏུ་རྩེད་འགྲན་དངོས་སུ་སྦྱོང་བརྡར་བྱེད་མགོ་བཙུགས་ཡོད་འདུག
ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གི་རི་ཁུལ་རྒྱང་རྒྱུག་འགྲན་སྡུར་བསྡུས་ཏེ་སྤྱི་ལེ་ ༤༢ དང་སྤྱི་ལེ་ ༢༡ གི་མི་སྒེར་གྱི་ལུས་རྩལ་འགྲན་སྡུར་བྱས་ཡོད་པ་དང་། བུད་མེད་ཀྱི་རྒྱང་རྒྱུག་ཁྲོད་བོད་རིགས་བུ་མོ་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་དུས་ཡུན་ཆུ་ཚོད་ ༡ དང་སྐར་མ་ ༣༩ དང་སྐར་ཆ་ ༣༤ ནང་སྤྱི་ལེ་ ༢༡ གི་རྒྱང་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་འདུག་ལ། བུ་མོ་ཨ་ཉི་ལགས་ལ་རི་ཁུལ་རྒྱང་རྒྱུག་ནང་ཨང་ལྔ་པ་དང་། གནམ་གང་བུ་ཁྲིད་ལགས་ལ་ཨང་བདུན་པ་བཅས་ཐོབ་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།