ལ་དྭགས་ཁུལ་དུ་ཉིན་གྲངས་ ༤༡ རིང་ཆོས་འབྲེལ་བཀའ་དྲིན་བསྐྱངས་པ།
ཏོག་དབྱིབས་ནད་ཡམས་ཀྱི་བཀག་སྡོམ་རྐྱེན་གྱིས་ཕྱི་ལོ་ ༢༠༡༨ རྗེས་སུ་༧གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་ཐུབ་མེད་སྟབས། ལ་དྭགས་ནང་ཚོགས་དང་དགོན་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༥ ཉིན་མཁའ་ལམ་བརྒྱུད་ལ་དྭགས་རྒྱལ་ས་གླེ་རུ་ཞབས་སོར་བདེ་བར་བཀོད་དེ། ཕྱི་ཟླ་ ༧ ཚེས་ ༢༩ དང་ ༣༠ ཉིན་ལ་དྭགས་ལྕོག་ལམ་སའི་ཞི་བའི་ཚལ་གསུང་ཆོས་རྭ་བའི་ནང་། དད་ལྡན་དོན་གཉེར་ཅན་འབུམ་བརྒལ་བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་། ཉིན་གསུམ་པར་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་བསྐྱངས། ཕྱི་ཟླ་ ༨ ཚེས་ ༧ ཉིན་གྱི་ཞོགས་པར་ལ་དྭགས་ལྕོག་ལམ་སར་རྟེན་གཞི་བྱས་པའི་ལ་དྭགས་བོད་ཁྱིམ་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་དེ་ལ་དྭགས་བྱང་ཐང་གི་བོད་མི་རྣམས་དང་ལ་དྭགས་བསོད་ནམས་གླིང་གི་ཁོངས་གཏོགས་གཞིས་གྲོང་བཅུ་གཉིས་བཅས་ཀྱི་མང་ཚོགས་བཞི་སྟོང་ལྷག་ལ་བཀའ་སློབ་བསྩལ་བ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེ་མི་མང་གིས་ད་ལྟ་ནང་བཞིན་དད་པ་དང་དམ་ཚིག་གཡོ་བ་མེད་པར་སེམས་ཤུགས་སྐྱེད་དགོས་པ་དང་བོད་གཞིས་བྱེས་མི་མང་མཉམ་དུ་འཛོམས་ནས་བཀྲ་ཤིས་ལོ་ལེགས་ཀྱི་དགའ་སྟོན་བྱ་རྒྱུའི་དུས་ཚོད་ཅིག་ཡོང་རྒྱུ་ཡིན་སྐོར་བཅས་བཀའ་བསྩལ།
ཕྱི་ཟླ་ ༨ ཚེས་ ༡༡ ཉིན་གྱི་སྔ་དྲོར་གླེ་ནས་ཐད་འཕུར་གནམ་གྲུར་བཞུགས་ཏེ་ལིང་ཤེད་སྐུ་འབུམ་འོད་འབར་དགོན་གྱི་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བསྩལ། ཕྱི་ཉིན་དེར་མཁའ་ལམ་བརྒྱུད་ཟངས་དཀར་གྲུ་འཛིན་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སེར་སྐྱ་མི་མང་སྟོང་ཕྲག་མང་པོར་བཀའ་ཆོས་བསྩལ། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་ཟངས་དཀར་གྱི་སོ་ནེ་ཁ་ཆེ་ལྷ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། འཛམ་གླིང་གི་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་བྱམས་སྙིང་རྗེ་ཡིན་པ་དང་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་བཟུང་སྟེ་ཕན་ཚུན་བར་འཆམ་མཐུན་བྱུང་ན་འཛམ་གླིང་ཞི་བདེ་བསྐྲུན་ཐུབ་ཀྱི་ཡོད་པའི་བཀའ་སློབ་བསྩལ། དེ་བཞིན་ལ་དྭགས་ཁ་ཆེ་འབྲེལ་མཐུད་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་ལ་དྭགས་ཀྱི་རྒྱལ་ས་རྙིང་བ་ཤེལ་ཕོ་བྲང་གི་ཉེ་འདབས་སུ་ཆགས་པའི་སོ་ནེ་ཁ་ཆེ་ཆོས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཆོས་ལུགས་ཚང་མའི་ལོ་རྒྱུས་དང་ལྟ་གྲུབ་མི་འདྲ་ཡང་བསླབ་བྱ་གཙོ་བོ་ནི་བརྩེ་བ་ཆགས་ཀྱི་ཡོད་པར་བརྟེན། ཆོས་ལུགས་གྲུབ་མཐའ་སྣ་ཚོགས་བར་མཐུན་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་ལ། ལ་དྭགས་སུ་ཁ་ཆེའི་གཅེན་གཅུང་ཚོ་དང་ནང་པའི་གཅེན་གཅུང་ཚོ་ཧ་ཅང་འཆམ་མཐུན་ངང་གནས་བཞིན་པ་ནི་ཧ་ཅང་ཡག་པོ་རེད་ཅེས་བཀའ་སློབ་བསྩལ་བ་དང་། ཉིན་གུང་གི་གསོལ་ཚིགས་ལྷན་བཞེས་མཛད།
ཕྱི་ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ལྕོག་ལམ་སར་གྱི་ཉེ་འཁྲིས་སུ་ཆགས་པའི་ལ་དྭགས་དགོན་ཚོགས་ཀྱི་ནང་ཆོས་ཀྱི་བསྟི་གནས་ཁང་(Dharma Center)དུ་ཆིབས་བསྒྱུར་བསྐྱངས་ཏེ། བསྟི་གནས་ཁང་དེའི་རྟེན་གྱི་གཙོ་བོ་སྟོན་པ་ཐུབ་པའི་དབང་པོའི་སྐུ་འདྲར་ཞལ་མཇལ་དང་འདུ་ཁང་ནང་རབ་གནས་མཛད་དེ་མི་མང་ལ་བཀའ་སློབ་གནང་སྐབས། ལ་དྭགས་བོད་ཀྱི་ས་མཚམས་ཡིན་དུས། བོད་རྒྱ་ཆེ་མི་མང་གིས་༸རྒྱལ་བ་རིན་པོ་ཆེ་ཟངས་དཀར་དང་ལ་དྭགས་སུ་བསླེབས་ཡོད་པ་དང་། ཡུལ་བ་ཚོས་དད་པ་རྩེ་གཅིག་ཏུ་ཡོད་པ། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་འཛུམ་ཤིག་ཤིག་བསྡད་ཡོད་པའི་སྐད་ཆ་བོད་ནང་ནས་གོ་དུས། བོད་ནང་གི་རྒྱ་ཆེ་མི་མང་གིས་ངོས་ལ་བློ་གཏད་བཅོལ་བ་དང་ཡིད་ཆེས་ཇེ་བརྟན་དུ་ཕྱིན་ཏེ་སེམས་གཏིང་ནས་རང་རང་གི་འགན་འཁུར་གྱི་ཡོད། བོད་ཀྱི་ཆོས་དང་རིག་གཞུང་དེ་རྒྱ་མི་གུང་ཁྲན་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱི་ཐོག་ནས་མེད་པ་བཟོ་གང་ཐུབ་བྱས་པ་རེད་དེ། རྩ་བ་ནས་ཕམ་ཉེས་ཕྱིན་ཏེ། བོད་རྒྱ་ཆེ་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡིན་དུས། སེམས་ཤུགས་སྐྱེ་བར་ཕན་ཐོགས་ཡོང་གི་ཡོད་ཅེས་སོགས་བཀའ་བསྩལ། ཕྱི་ཚེས་ ༢༦ ཉིན་༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ལྡི་ལི་རུ་ཆིབས་བསྒྱུར་བསྐྱངས་གནང་ཡོད།
གནས་མཆོག་རྡོ་རྗེ་གདན་དུ་ཟླ་གཅིག་ཙམ་རིང་ཆོས་འབྲེལ་མཛད།
ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ཉིན་མཁའ་ལམ་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་བཀོད་ཡོད་པ་དང་། ཕྱི་ཚེས་ ༢༩ ནས་ཉིན་གྲངས་ ༣ རིང་རྡོར་གདན་གྱི་གསུང་ཆོས་ར་བའི་ནང་དུ། འཛམ་གླིང་རྒྱལ་ཁབ་ ༦༠ ལྷག་ནས་ཕེབས་པའི་དད་ལྡན་དོན་གཉེར་བ་དང་། གདན་ས་ཁག་གཙོ་བོར་གྱུར་བའི་ཕྱོགས་མཐའ་ཁག་ནས་ཡོང་བའི་དད་ལྡན་ཁྲི་ཕྲག་བརྒལ་བར་བྱང་ཆུབ་སེམས་འགྲེལ་སྐོར་གྱི་བཀའ་ཆོས་བསྩལ།
ཕྱི་ཚེས་ ༣༠ ཉིན་ར་སྟོད་སྐྱོང་བླ་རིན་པོ་ཆེ་དགོངས་པ་མ་རྫོགས་གོང་ལ་ལྗགས་རྩོམ་མཛད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོའི་གསང་བའི་རྣམ་ཐར་གྱི་ཕྱག་དེབ་༧རྒྱལ་བའི་མཛད་རྣམ་དད་གསུམ་པདྨོ་འཛུམ་པའི་ཉིན་བྱེད་ཞུ་བ་དབུ་འབྱེད་མཛད། བཀའ་ཆོས་ཀྱི་ཉིན་གསུམ་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་དུས་ལུས་བདེ་བ་དང་སེམས་སྐྱིད་པ། ད་དུང་ཚེ་རིང་པོ་ཡོང་བར་ཕན་ཐོགས་གཏན་ཏན་ཡོང་གི་ཡོད་སྐོར་བླངས་དོར་བཀའ་སློབ་བསྩལ། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༣ ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་མཛད།
དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བཀའ་ཆོས་བཀའ་དྲིན་བསྐྱངས་པ།
ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༣ ཚེས་ ༡༨ ཆོ་འཕྲུལ་དུས་ཆེན་གྱི་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབུས་སྲི་ཞུའི་ལས་བྱེད་རྣམས་དང་། བཞུགས་སྒར་ཁུལ་དང་ཕྱོགས་མཐའ་ཁག་ནས་ཡོང་བའི་སེར་སྐྱ་ཕོ་མོ་སྟོང་ཕྲག་འགར་སྐྱེས་རབས་དང་སེམས་བསྐྱེད་ཀྱི་བཀའ་ཆོས་བསྩལ་གནང་ཡོད་པ་དང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དགུན་ཁ་འཆར་ཅན་རྡོ་རྗེ་གདན་ལ་འགྲོ་ཡི་ཡོད་དུས། དེའི་ཞོར་དུ་ལྡི་ལིར་བརྟག་དཔྱད་བྱ་རྒྱུ་བྱས་ནས་ལྡི་ལིར་འགྲོ་མི་དགོས་པ་བྱས་ཡིན། ང་འདིར་ལྷོད་ལྷོད་བྱས་ནས་སྡོད་ཀྱི་ཡིན། གཟུགས་པོའི་གནས་སྟངས་བདེ་པོ་ཞེ་དྲག་ཡིན། མོ་དང་བརྟག་དཔྱད་བྱས་པ་ཡིན། འདི་ག་དྷ་རམ་ས་ལར་ལྷོད་ལྷོད་བྱས་ནས་བསྡད་པ་ཡིན་ན་དེ་ཡག་པོ་འདུག གནས་སྐབས་ལྡི་ལི་རུ་འགྲོ་བའི་འཆར་གཞི་དེ་མི་དགོས་པ་བྱས། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས་རོགས། ང་སྐུ་འབུམ་ནས་ཡོང་བའི་བླ་མ་འདི་བདེ་ཐང་ངང་བསྡད་ཡོད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་བཞུགས་རོགས། ཞེས་གསུངས།
ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༩ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བརྒྱད་གཏོར་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། གདན་ས་གསུམ་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པ་བཅས་དགེ་འདུན་པ་ཞལ་གྲངས་ ༦༣༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་ནས་ཁྱེད་རང་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཐོག་བསྙེན་རྫོགས་སྒྲུབ་རྒྱུ་རེད། སྐལ་བ་ཧ་ཅང་གི་བཟང་པོ་རེད། སྟོན་པ་བཅོམ་ལྡན་འདས་རང་ཉིད་རྒྱལ་པོའི་སྲས་རེད། འོན་ཀྱང་ཁྱིམ་སྤངས་ནས་རབ་ཏུ་བྱུང་སྟེ་བསྙེན་རྫོགས་སྒྲུབ་གནང་ཡོད་པ་རེད། ངོས་ཀྱིས་རྡོ་རྗེ་གདན་དུ་ཐུབ་དབང་རིན་པོ་ཆེའི་སྐུ་མདུན་དུ་བསྙེན་རྫོགས་བསྒྲུབས་པ་ཡིན། སྐལ་བ་ཧ་ཅང་བཟང་པོ་བྱུང་ཡོད་ཅེས་བཀའ་སློབ་སྩལ། (བཀའ་སློབ་འདི་ལས་ལྷག་སྩལ་མི་འདུག)
ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡ དང་ ༢ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མི་གཞོན་སྐྱེས་ཚོ་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མི་མང་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་རྟེན་འབྲེལ་བསྟོད་པའི་ཉིན་གཉིས་རིང་གི་བཀའ་ཆོས་དབུ་འཛུགས་མཛད་ཡོད་ཅིང་། ཉིན་དང་པོར་མགོན་པོ་མཆོག་གིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྒྱ་ནག་གི་སྒོམ་ཆེན་པ་ཚོ་གདན་དྲངས་ཏེ་བགྲོ་གླེང་གནང་བ་བརྒྱུད་བོད་མི་རྣམས་དཔལ་ན་ལེནྜའི་ཆོས་བརྒྱུད་འཛིན་པ་ཞིག་ཆགས་ཡོད་པ་དང་། བོད་ཕྲུག་རྣམས་ཀྱིས་ངེས་པར་དུ་ཚད་མ་རིག་པའི་འགྲོ་སྟངས་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ནི་ཆོས་དད་ཡོད་མེད་ཀྱི་སྐད་ཆ་མིན་པའི་བཀའ་སློབ་བཅས་སྩལ་གནང་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༣ དང་ས་ག་ཟླ་བའི་བོད་ཚེས་ ༡༤ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཕྱི་ནང་གི་སེར་སྐྱ་མི་མང་ལ་སྤྱས་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྟ་གོན་དང་། ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་བསྩལ་གནང་མཛད་སྐབས། བཀའ་འགྱུར་དང་བསྟན་འགྱུར་མཆོད་གཤོམ་ཐོག་སྒྲིག་རྒྱུ་ཞིག་མིན་པར་སློབ་སྦྱོང་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་བསྩལ་བ་དང་། བཀའ་ཆོས་ཀྱི་ཉིན་གཉིས་པར་༧གོང་ས་མཆོག་གིས་རྨི་ལམ་བཟང་པོ་རྨིས་ན་རྨི་ལམ་བཟང་པོའི་འབྲས་བུ་སྨིན་ཐུབ་པ་ཞིག་དང་། རྨི་ལམ་ངན་པ་ཞིག་བྱུང་བ་ཡིན་ན་བཀྲ་མི་ཤིས་པ་འདྲ་བོ་ཡོད་པ་ཡིན་ནའང་དེར་སེལ་ཐབས་ཡོད་པས་སེམས་མ་སྐྱིད་པ་བྱེད་དགོས་རྒྱུ་ཁྱོན་ནས་མེད་སྐོར་སོགས་བཀའ་བསྩལ།
ཕྱི་ཟླ་ ༧ ཚེས་ ༨ ཉིན་གྱི་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་རྒྱུད་སྨད་གྲྭ་ཚང་དང་སྟོད་རྒྱུད་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་གི་སྔོན་འགྲོའི་སྟ་གོན་ཆོས་འབྲེལ་དབུ་འཛུགས་གནང་། བཀའ་ཆོས་ཉིན་མཐའ་མར་༧གོང་ས་མཆོག་གིས་རྒྱུད་གྲྭ་སྟོད་སྨད་སོགས་སྔགས་པ་གྲྭ་ཚང་ཁག་གིས་ཀྱང་གཞུང་ཆེན་ལ་སློབ་གཉེར་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༥ དང་ ༡༦ ཉིན་གཉིས་ཀྱི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་དོན་གཉེར་བ་གཙོ་བོར་གྱུར་བའི་སེར་སྐྱ་མང་ཚོགས་སྟོང་ཕྲག་དུ་མར་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་བསྩལ་ཡོད་པ་དང་། སྐབས་དེར་སྨན་སོགས་བཟས་ནས་སེམས་ལྷོད་ལྷོད་ཆགས་ཐབས་མེད་པར་སེམས་དཀྲུག་མཁན་གྱི་ཞེ་སྡང་དང་ང་རྒྱལ། ཕྲག་དོག་སོགས་སྤངས་ན་སེམས་ལྷོད་ལ་བབ་ཐུབ་ཀྱི་ཡོད་སྐོར་སོགས་བཀའ་སློབ་བསྩལ།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་བསྩལ་ཡོད་པ་དང་། གསུང་ཆོས་ཉིན་གཉིས་པར་༧གོང་ས་མཆོག་གིས་ཏོག་དབྱིབས་གཉན་རིམས་ཀྱིས་བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་འཕྲལ་གྱི་རྐྱེན་ངན་དེ་འདྲ་ཤར་ཡོང་དུས་ཚང་མས་སེམས་མ་ཞུམ་པ་བྱོས་ཞེས་བཀའ་སློབ་བསྩལ།
ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་གྱི་སྔ་དྲོར་ལྷོ་ཀོ་རི་ཡའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་ ༢ རིང་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་བསྩལ་ཡོད་པ་དང་། བཀའ་ཆོས་ཀྱི་ཉིན་དང་པོར་༧གོང་ས་མཆོག་གིས་ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་སྟབས། སེམས་པ་བཟང་པོ་བྱས་ནས་འཛམ་གླིང་ཞི་བདེ་ཡོང་ཐབས་བྱ་རྒྱུ་གལ་ཆེན་ཡིན་པ་དང་། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཡ་མ་བྲལ་བ་བྱས་ནས་བསམ་བློ་བཏང་ན་མི་ཚེ་གཏན་ཏན་དོན་དང་ལྡན་པ་ཡོང་ཐུབ་རྒྱུ་ཡིན་སྐོར་སོགས་བཀའ་བསྩལ།
གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་བསྒྲིགས་བྱས།