ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༠ ཉིན་བར་ཕྱི་ལོ་ ༢༠༢༣ ལོའི་༧གོང་ས་ཏཱ་ལའི་བླ་མའི་གོ་ལའི་འཆར་སྣང་གི་ལྷན་ཚོགས་ཐེངས་གསུམ་པ་དྲ་ལམ་བརྒྱུད་བསྐོང་ཚོགས་གནང་རྒྱུ་ཡིན་འདུག
ཨ་རིར་རྟེན་གཞི་བྱས་ཡོད་པའི་སེང་གེའི་གད་རྒྱངས་ (lion’s roar) ཚོགས་པ་དང་ཨ་རིའི་བོད་ཁང་གཉིས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༠ བར་དྲ་ལམ་བརྒྱུད་ཕྱི་ལོ་ ༢༠༢༣ ལོའི་༧གོང་ས་ཏཱ་ལའི་བླ་མའི་གོ་ལའི་འཆར་སྣང་གི་ལྷན་ཚོགས་ཞེས་པ་ཞིག་བསྐོང་ཚོགས་གནང་རྒྱུ་ཡིན་འདུག་ལ། ཐེངས་འདིའི་ལྷན་ཚོགས་ཐོག་ཝེ་སི་ལེ་ཡཱན་གཙུག་ལག་སློབ་གླིང་ (Wesleyan University) གི་ཆོས་ལུགས་སྡེ་ཚན་གྱི་སློབ་དཔོན་ཟུར་པ་ཇཱན་ཝེ་ལི་སི་(Jan Willins)ལགས་དང་། ༧སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཨ་རིའི་བོད་ཁང་གི་ཚོགས་གཙོ་ཟུར་པ་རོ་བྷེར་ཌི་ཨེ་ཧྥེ་ཐུར་མཱན་ (Robert AF Thurman)ལགས། ཁོར་ཡུག་ལས་འགུལ་བ་དང་རྩོམ་པ་པོ་ཝན་ཏཱ་ནཱ་ཤཱི་ཝ་ (Vandana Shiva) ལགས། སྐུ་སྒེར་ཡིག་ཚང་གི་དྲུང་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་སོགས་དགེ་བཤེས་དང་། ཉམས་ཞིབ་པ། རྩོམ་པ་པོ་གྲགས་ཅན། ཉམས་ལེན་པ་སོགས་མང་པོ་ཞིག་མཉམ་ཞུགས་གནང་གི་ཡོད་འདུག
ལྷན་ཚོགས་དེའི་སྐོར་ལ་སེང་གེའི་གད་རྒྱངས་དྲ་ལམ་དུ། འཛམ་གླིང་ནང་དུ་འཚོ་བ་སྐྱེལ་བར་ཉིན་རེ་བཞིན་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པའི་ཁར། ཉེ་བའི་ལོ་འདི་དག་གི་ནང་དུ་ང་ཚོར་འཁྲུག་རྩོད་དང་། ནད་ཡམས་ཀྱི་རྐྱེན་ངན། རང་བྱུང་གོད་ཆག དཔལ་འབྱོར་གྱི་འགྲན་རྩོད། སྤྱི་ཚོགས་ཀྱི་དཀའ་ངལ་རབ་དང་རིམ་པ་མང་པོ་བཞིན་འཕྲད་ཡོད་པ་རེད། ང་ཚོ་མི་རེ་ངོ་རེར་སྤྱི་ཚོགས་ཀྱི་བཟང་སྤྱོད་བསྐྱེད་བསྲིང་བྱེད་པའི་འོས་འགན་ཡོད་མོད། ང་ཚོས་དཀའ་ངལ་འདི་དག་གི་རྒྱབ་ལྗོངས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སམ། ༧གོང་ས་མཆོག་གི་མཁྱེན་སྟོབས་ཀྱིས་ང་ཚོའི་འཛམ་གླིང་དུ་མ་འོངས་པའི་སྤྱི་ཚོགས་ཀྱི་ལམ་སྟོན་ཡང་དག་ཅིག་གནང་ཐུབ། ཅེས་བཀོད་འདུག
ཡང་ལྷན་ཚོགས་གོ་སྒྲིག་པས་དྲ་ལམ་བརྒྱུད་རང་དབང་གིས་མཉམ་ཞུགས་ཐོ་འགོད་བྱེད་ཆོག་གི་ཡོད་ཀྱང་། ང་ཚོས་སེམས་ཀྱི་ཉམས་ལེན་གྱི་ནུས་པས་བཟང་སྤྱོད་དང་། བྱམས་བརྩེ། འཇིག་རྟེན་ཀུན་ཁྱབ་ཀྱི་འདུ་ཤེས། རྣམ་དཔྱོད་བཅས་འདུས་པའི་ཡང་དག་བའི་སྤྱི་ཚོགས་ཀྱི་ལམ་དུ་འགྲོ་བར་འབད་བརྩོན་བྱེད་ཀྱི་ཡོད་ལ། བཟང་སྤྱོད་ཀྱི་ལས་འགུལ་འདི་རང་གཞན་ཚང་མས་མཉམ་རོལ་བྱ་ཐུབ་ལ། དྲ་ལམ་ནས་༧གོང་ས་མཆོག་གི་མཁྱེན་སྟོབས་དང་བཀའ་སློབ་ཀྱིས་འགྲོ་བ་མིའི་བཟང་སྤྱོད་ལ་མཁོ་བའི་གནས་ལུགས་རྣམས་ལ་ཉན་པའི་གོ་སྐབས་མཆོག་ཏུ་གྱུར་བ་ཞིག་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
སེང་གེ་གད་རྒྱངས་ནི་གཞུང་ཁོངས་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ནང་པའི་བཀའ་སློབ་དང་། གསར་འགྱུར། ཉམས་ལེན་སོགས་ཀྱི་སྐོར་ནས་གནས་ཚུལ་སྤེལ་གྱི་ཡོད་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མའི་གོ་ལའི་འཆར་སྣང་ལྷན་ཚོགས་དེ་ཕྱི་ལོ་ ༢༠༢༠ དང་ ༢༠༢༡ ལོར་དྲ་ལམ་བརྒྱུད་འཚོགས་ཡོད་པ་དང་། སྐབས་དེར་འཛམ་གླིང་གི་ས་ཁུལ་འདྲ་མིན་གྱི་མི་གྲངས་འབུམ་གཅིག་དང་ཁྲི་བཞི་ལྷག་མཉམ་ཞུགས་བྱས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་།