༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆོ་འཕྲུལ་སྨོན་ལམ་དུས་ཆེན་གྱི་ཉིན་སྐྱེས་རབས་དང་སེམས་སྐྱེད་ཀྱི་བཀའ་ཆོས་སྩལ་སོང་།
དེ་རིང་ཆོ་འཕྲུལ་སྨོན་ལམ་གྱི་དུས་ཆེན་ཏེ་བོད་ཟླ ༡ ཚེས ༡༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁག་ཏུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱལ་ཁབ་ཕྱི་ནང་ཀུན་གྱི་དད་ལྡན་དོན་གཉེར་ཅན་སྟོང་ཕྲག་དུ་མར་སྐྱེས་རབས་དང་སེམས་སྐྱེད་ཀྱི་བཀའ་ཆོས་དབུ་འཛུགས་མཛད་སོང་།
བཀའ་ཆོས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ནམ་རྒྱུན་ལྷ་སར་སྨོན་ལམ་ཆེན་པོ་འཚོགས་པའི་ལམ་སྲོལ་འདི། ཕལ་ཆེར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཤིག་ཕྱིན་ཚར་བ་རེད། དེང་སྐབས་བོད་ལ་སྨོན་ལམ་ཆེན་པོ་འཚོག་རྒྱུ་འདི་གནས་སྐབས་དཀའ་ངལ་འཕྲད་བསྡད་པ་ཞིག་རེད་དེ། བོད་རྒྱ་ཆེ་མི་མང་གིས་བསྟན་པ་དང་འགྲོ་བའི་དོན་ལ་ལྷག་བསམ་དང་སྙིང་སྟོབས་ཡོད་པ་དེ་ང་ཚོས་མུ་མཐུད་དུ་འཁྱེར་དགོས་པ་དང་། ང་ཚོ་འདིར་བཙན་བྱོལ་བ་བྱས་ནས་བསྡད་ཡོད་རེད་དེ། ང་ཚོས་སྔར་གྱི་སྐྱེས་བུ་དམ་པ་དག་གི་འཆར་གཞི་རྣམས་མུ་མཐུད་རྒྱུན་འཛིན་བྱེད་ཐུབ་ས་རེད། སྐུ་གོང་མ་ཐུབ་བསྟན་རྒྱ་མཚོ་ཞེས་བསྟན་པའི་མིང་ཙམ་མ་གཏོགས་ཅི་ཡང་མི་འདུག་ག ངོས་རང་གི་མིང་དེ་བསྟན་པ་འཛིན་མཁན་གྱི་བསྟན་འཛིན་རྒྱ་མཚོ་ཞེས་ཟེར་བ་རེད། དྭགས་པོ་ནས་ཕེབས་པའི་སྐུ་མདུན་སྐུ་གོང་མ་ཐུབ་བསྟན་རྒྱ་མཚོ་ཞེས་ཟེར་བ་དང་། ང་ཟི་ལིང་ནས་ཡོང་བ་འདི་བསྟན་པ་འཛིན་མཁན་ཆགས་ནས་བསྟན་འཛིན་རྒྱ་མཚོ་ཞེས་ཐོགས་པ་རེད། ངོས་རང་གི་མཆོད་གཤོམ་གྱི་ནང་རྗེ་རིན་པོ་ཆེའི་སྐུ་བརྙན་ཡོད། ངོས་རང་མཆོད་གཤོམ་ལ་མཆོད་མཇལ་འགྲོ་དུས་རྗེ་རིན་པོ་ཆེ་མཇལ་སྐབས་ངོས་རང་གཉིས་ཕ་ཡུལ་གཅིག་པ་ཡིན་གདའ་ཞེས་པ་རྟག་པར་དྲན་ཡོང་གི་འདུག རྗེ་རིན་པོ་ཆེ་འཁྲུངས་ས་དང་ངོས་རང་སྐྱེས་ས་གཉིས་ཐག་ཉེ་བོ་རེད། རྗེ་རིན་པོ་ཆེ་མཆོག་དུས་ཚོད་དེ་འདྲ་ཞིག་ལ་བོད་ལ་ཕེབས་ནས་རྒྱལ་བའི་ལུང་རྟོག་གི་བསྟན་པ་ལ་དག་འཐེར་གནང་བ་དང་། བསླབ་པ་གསུམ་གྱི་ཉམས་ལེན། སྡེ་སྣོད་གསུམ་གྱི་འཆད་ཉན་འདི་དག་སྤུས་དག་པོ་ཞིག་བཙུགས་པ་རེད་འདུག བྱས་ཙང་ངོས་རང་གིས་རྒྱུན་དུ་རྗེ་རིན་པོ་ཆེས་མཛད་པ་གང་འདྲ་བསྐྱངས་བཞག་པ་དེ་མཇུག་མཐུད་པའི་སྨོན་ལམ་བརྒྱག་བསྡད་ཀྱི་ཡོད། རྗེ་རིན་པོ་ཆེ་ཨ་མདོ་ནས་རེད་ལ། ངོས་རང་ཡང་རྗེ་རིན་པོ་ཆེ་མཆོག་གི་ཞབས་འདྲེན་མི་ཞུ་མཁན་གྱི་ཨ་མདོ་བ་ཞིག་ཡིན། ཟི་ལིང་མཱ་པའོ་ཧྥང་གིས་ངོས་རང་ཐུག་ནས་ངོས་ཀྱི་གདོང་ལ་ལྟ་དུས། ངོས་རང་ཞེད་སྣང་སོགས་གང་ཡང་མེད་པར་རྗིག་པོ་བྱས་ནས་བསྡད་པས། ཟི་ལིང་མཱ་པའོ་ཧྥང་གིས་མ་གཞི་བོད་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་གསལ་བསྒྲགས་བྱས་ཡོད་མ་རེད་དེ། ཁོས་བལྟས་ན་ཏཱ་ལའི་བླ་མའི་ཡང་སྲིད་ཕྲུ་གུ་འདི་མ་གཏོགས་འགྲོ་ས་ཡོད་མ་རེད་ཟེར་ནས། ཟི་ལིང་མཱ་པའོ་ཧྥང་གིས་ཀྱང་ངོས་རང་ལ་ཆ་འཇོག་བྱས་པ་རེད་གདའ། དེ་དུས་ངོ་རང་ལོ་གཉིས་གསུམ་དེ་འདྲ་ཞིག་རེད། ཅེས་གསུངས་སོང་།
ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་གིས་ངོས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟ་དུས། དུས་ཚོད་གཉན་འཕྲང་དེ་འདྲ་ཞིག་ལ། ངོས་རང་གིས་ལྷག་བསམ་རྣམ་དག་གིས་བསྟན་པའི་ཞབས་འདེགས་བསྒྲུབས་པ་ཡིན་ལ་གྲུབ་འབྲས་ཀྱང་ག་ལ་གང་འཚམས་ཤིག་ཐོན་བསྡད་པ་ཞིག་རེད། དེང་སྐབས་སྔར་སངས་རྒྱས་ཀྱི་བསྟན་པ་མ་དར་སའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག ཡག་པོ་ཞེ་དྲགས་རེད། ལྷག་པར་དུ་ཚན་རིག་པའི་ཁྲོད་དུ་སེམས་ཁམས་རིག་པ་སོགས་ཀྱི་ཐོག་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བསྡད་ཀྱི་འདུག ཞེ་དྲགས་ཡག་པོ་རེད། ཡིན་ན་ཡང་། ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་རྒྱ་ཧོར་བོད་གསུམ་ནི་སྔར་སངས་རྒྱས་ཀྱི་བསྟན་པ་དར་ནས་བར་སྐབས་དར་རྒུད་སྣ་ཚོགས་བྱུང་བ་མ་གཏོགས། གཞན་ཡོངས་སུ་རྫོགས་པའི་བསྟན་པ་ཆེས་ཆེར་དར་བ་ཡིན་དུས། དེང་སྐབས་འཛམ་གླིང་གི་འགྱུར་འགྲོས་ཀྱི་ཁྲོད་ནས། ངོས་རང་གིས་རྒྱ་ཧོར་བོད་གསུམ་དུ་དེ་སྔ་བསྟན་པ་དར་ནས་བར་སྐབས་ཉམས་བཞག་པ་དེ་དག་སླར་གསོ་བྱས་ནས། རྒྱལ་དབང་གི་མིང་ཐོགས་པ་བཞིན་རྒྱལ་བའི་བསྟན་པར་ཞབས་འདེགས་རླབས་ཆེན་པོ་ཞིག་བསྒྲུབ་བསམ་པའི་སེམས་ཤུགས་སྐྱེད་བསྡད་ཀྱི་ཡོད་པས། ཁྱེད་རང་ཚོ་ཚང་མས་ཀྱང་ཐུགས་སྨོན་གནང་ཤོག ཆོས་ཟེར་བ་དེ་མི་ཞིག་གི་ཁ་ནས་བཤད་རྒྱུ་ཙམ་ཞིག་མིན་པར། ལུང་སྡེ་སྣོད་གསུམ་ལ་འཆར་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱས་ཏེ། དེ་འདྲའི་ལུང་རྟོགས་ཀྱི་ཉམས་ལེན་ཡོད་པའི་མི་གཅིག་བྱུང་ན་བསྟན་པར་ཕན་གྱི་ཡོད་པ་དང་། མི་གྲངས་བརྒྱ་དང་སྟོང་བྱུང་ན་དེའི་ཚོད་ཀྱིས་བསྟན་པར་ཕན་གྱི་ཡོད་པ་རེད། བོད་གངས་ཅན་གྱི་ལྗོངས་ལ་དཔལ་ནལེནྜ་ནས་དར་བའི་བསྟན་པར་སྨོན་མི་དགོས་པར། ཆོས་རྒྱལ་ཚོ་དང་མཁན་ཆེན་ཞི་བ་འཚོ་ཡི་བཀྲིན་ལ་བརྟེན་ནས། དངོས་གནས་དྲང་གནས་ཡོངས་སུ་རྫོགས་པའི་བསྟན་པ་སྤུས་དག་པོ་ཞིག་ཡོད། རྒྱ་ནག་ལ་སྔར་ཡིན་ན་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་བྱུང་བ་རེད་ལ། ད་ལྟ་ཡིན་ནའང་རྒྱ་ནག་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བསྡད་ཀྱི་ཡོད་པའི་ཟོལ་འདྲ་བོ་ཞིག་འདུག་པས། ངོས་རང་གིས་སྙིང་སྟོབས་སྐྱེད་ནས་རྒྱ་ཧོར་བོད་གསུམ་གྱི་ཡུལ་གྲུ་དེ་དག་གི་ནང་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཞིག་ཡོང་ཐབས་བྱ་རྒྱུ་ཡིན། དེ་ཡང་ཚིག་སྐམ་པོ་ཞིག་བཤད་བསྡད་པ་མ་ཡིན་པར། རང་རྒྱུད་ལ་བསླབ་པ་གསུམ་གྱི་ཉམས་ལེན་དངོས་གནས་དྲང་གནས་ཚད་ལྡན་ཞིག་ཡོང་ཐུབ་པར་སྨོན་ལམ་རྒྱག་གིན་ཡོད་ལ། འབད་བརྩོན་ཡང་བྱེད་ཀྱིན་ཡོད། ཅེས་གསུངས་སོང་།
ཡང་མགོན་པོ་གང་ཉིད་ཀྱིས། དེང་སྐབས་བརྟག་དཔྱད་རིམ་པ་བྱས་ཡོང་དུས། རྒྱ་ནག་དེ་འགྱུར་བ་འགྲོ་བསྡད་ཀྱིན་ཡོད་རེད་ལ། རྒྱ་ནག་གི་བོད་དོན་སྲིད་ཇུས་ལའང་འགྱུར་བ་འགྲོ་བའི་བཟོ་ལྟ་གསལ་པོ་ཞེ་དྲགས་རེད། རྗེ་རིན་པོ་ཆེ་ཆོས་རྗེ་བློ་བཟང་གྲགས་པའི་ཕ་ཡུལ་གཅིག་པ་ངོས་རང་གིས་ད་ལྟ་བར་དུ་ཧུར་ཐག་འབད་ཐག་བྱས་པ་ཡིན། ད་རྒྱ་ཧོར་བོད་གསུམ་ལ་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་ཐུབ་པར་ཕལ་ཆེར་ཡིད་ཆེས་ཡོད། དེ་ལུགས་ཁྱེད་རང་ཚོས་ཆོས་བཤད་ནས་མི་ལ་རང་རྒྱུད་འདུལ་དགོས་རེད་མ་ལབ་གོང་དུ། སོ་སོས་སློབ་སློང་བྱས་ནས་ཉམས་ལེན་བྱས་ཏེ་ག་ཚོད་ཐུབ་ཐུབ་ཀྱིས་མྱོང་བ་སྐྱེད་ཐུབ་པ་ཞིག་བྱུང་ན། གོ་རིག་( གོ་བ་དང་རིག་པ) ཟུང་འཇུག་གི་ཐོག་ནས་མི་ལ་ཆོས་བཤད་ཐུབ་པ་རེད། ང་ཚོ་བཙན་བྱོལ་བའི་ནང་ནས་ཕལ་ཆེར་གྲ་འགྲིག་ཤོས་ཤིག་ཆགས་བསྡད་ཡོད་རེད། སོ་སོ་བཙན་བྱོལ་བ་ཞིག་ཡིན་པ་མ་ཟད་ལུང་པར་བྲལ་བསྡད་ཡོད་རེད་དེ། སོ་སོའི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་ནས་མི་རྣམས་སྨོན་དགོས་པ་ཞིག་ཆགས་ཡོད་རེད། ཚང་མས་ཧུར་ཐག་འབད་ཐག་གནང་ཤོག་ཨ། ཞེས་གསུངས་སོང་།
མཛད་འཆར་ལྟར་ན། སང་ཉིན་ཕྱི་ཚེས་ ༨ དང་ ༩ ཉིན་སོག་པོའི་ཨ་ལན་པཱ་ཐར་(Ulaanbaatar) གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༸གོང་ས་རྒྱལ་བ་མཆོག་གིས་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་མཆོག་ནག་པོ་བའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།