ཕྱི་ལོ་ ༢༠༢༣ ལོའི་ཏཱ་ལའི་བླ་མའི་སློབ་ཐོན་སློབ་ཡོན་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ བར་ཕུལ་ཟིན་པ་དགོས་ཀྱི་ཡོད་འདུག
ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་ཕྱི་ལོ་ ༢༠༢༣ ལོའི་སློབ་ཡོན་དང་འབྲེལ་བའི་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱ་གར་ཕུད་པའི་ཨ་རི་དང་ཡུ་རོབ། ཨོ་གླིང་དང་ཨེ་ཤ་ཡའི་ནང་དུ་གཙུག་ལག་རབ་འབྱམས་པ་དང་སྨན་པའི་སློབ་སྦྱོང་བྱེད་མཁན་གྱི་བོད་པའི་སློབ་ཕྲུག་རྣམས་ལ་ཕྱི་ལོ་ ༢༠༢༣ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་ཐོན་སློབ་ཡོན་འབུལ་རྒྱུ་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་གྱི་སུད་སིའི་གྲོང་ཁྱེར་ཛོ་རི་ཁེ་ (Zurich) ཡི་མཚན་མོའི་ཆུ་ཚོད་ ༡༡།༥༩ བར་སློབ་ཡོན་སྙན་ཞུ་འབུལ་ཟིན་དགོས་ཡོད་པ་དང་། སྙན་ཞུ་རྣམས་གློག་འཕྲིན་ཁོ་ན་བརྒྱུད་བསྐུར་གནང་བའི་རེ་སྐུལ་དང་ངོས་ལེན་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
སློབ་ཡོན་ཆེད་སྙན་ཞུ་འབུལ་མཁན་རྣམས་ཀྱིས། ཡུ་རོབ་དང་ཨ་རི། ཨོ་གླིང་དང་རྒྱ་གར་ཕུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ནང་གཙུག་ལག་རབ་འབྱམས་པའི་སློབ་གཉེར་ཆེད་སློབ་གྲྭའི་ངོས་ནས་གཞུང་འབྲེལ་གྱི་ངོས་ལེན་ཡི་གེ་དང་། བོད་པ་ཡིན་པའི་དཔང་རྟགས་སོགས་ངེས་པར་དུ་འབུལ་དགོས་ཤིང་། སྙན་ཞུ་དང་འབྲེལ་བའི་ཡིག་ཆ་དྲང་པོ་དགོས་པ་དང་དུས་ཐོག་ཏུ་འབུལ་དགོས་ཀྱི་ཡོད་འདུག གལ་ཏེ་སློབ་ཡོན་བསྐྱར་དུ་ཞུ་དགོས་ཀྱི་ཡོད་ཚེ་བསྐྱར་ཞུའི་སྙན་ཞུ་ལོགས་སུ་བསྐུར་དགོས་ཀྱི་ཡོད་འདུག
འདས་ལོར་ཏཱ་ལའི་བླ་མའི་གཙུག་ལག་
ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩའི་སློབ་ཡོན་འདི་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་འབུལ་བཞིན་ཡོད་པ་དང་། སློབ་ཡོན་གྱི་ལས་གཞིའི་དགོས་དམིགས་ནི། བོད་པའི་སློབ་མ་རྣམས་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་ཏེ་རང་རང་གི་གཙུག་ལག་རབ་འབྱམས་པའི་སློབ་ཚན་ལ་ཆེད་སྦྱོང་བྱེད་པ་བརྒྱུད་བོད་མིའི་ནུས་པའི་རྩ་བ་གོང་སྤེལ་གཏོང་རྒྱུ་དང་། འགྲོ་བ་མིའི་རིགས་དང་ཤེས་ཡོན་ལ་མཐུན་འགྱུར་གང་ཐུབ་གནང་རྒྱུའི་བརྒྱུད་ལམ་བསྐྲུན་པ་ཞིག་ཡིན་འདུག དེ་ཡང་ད་བར་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པས་བོད་རིགས་སློབ་མ་ ༢༠༠ ལྷག་ལ་ཨ་སྒོར་ས་ཡ་ ༢་༥ ༼ས་ཡ་གཉིས་དང་ཕྱེད་ཀ་༽ ཙམ་ཁ་གསབ་སློབ་ཡོན་དུ་ཕུལ་ཡོད་པ་མ་ཟད། སློབ་ཡོན་འདི་དག་ནི་སློབ་མ་རང་རང་གི་བདམས་པའི་སློབ་ཚན་གང་ཡིན་ཐོག་རྩེ་ཕུད་སོན་པའི་སློབ་མ་རྣམས་ལ་འབུལ་བཞིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།