བོད་མིའི་སྒྲིག་འཛུགས་ནས་རྗེས་འབྱོར་བོད་མི་རྣམས་ལ་བདེ་སྐྱིད་གླིང་དགེ་འཕེལ་གླིང་དང་སྦེལ་ཀོབ་ཅོ་ཀུར་། ཀོ་ལི་གྷལ་དང་ཧུན་སོར། མོན་གྷོ་གཞིས་ཆགས་སོགས་སུ་སྡོད་ཁང་སྤྲོད་རྒྱུ་རེད་འདུག
དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་གསུམ་པའི་སྔ་དྲོར་སྤྱི་འཐུས་རྣམས་ཀྱི་རྗེས་འབྱོར་ཁ་འཐོར་མི་མང་གི་སྡོད་ཁང་གསར་འཛུགས་དང་དེའི་ས་ཁོངས་ཐད་ཀྱི་དྲི་བ་ཁག་ལ་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་བྱས་པའི་ནང་། སྡོད་ཁང་མེད་པའི་རྗེས་འབྱོར་ཁ་འཐོར་མི་མང་དག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྤོར་བྱས་ཐུབ་ཚེ། དེས་བོད་མི་དག་གི་བདེ་སྡུག་ལྟ་སྐྱོང་ཐུབ་པ་མ་ཟད། བོད་ཀྱི་འཐབ་རྩོད་མུ་མཐུད་དུ་གནས་ཆེད་བོད་པའི་གཞིས་ཆགས་ཁག་གལ་ཆེན་པོ་ཡིན་པས། དེས་ཕུགས་རྒྱང་རིང་བའི་བོད་ཀྱི་འཐབ་རྩོད་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཐུབ་ངེས། ད་ལྟ་བོད་མིའི་སྒྲིག་འཛུགས་ལ་བདེ་སྐྱིད་གླིང་དགེ་འཕེལ་གླིང་གི་ཉེ་འགྲམ་དུ་ཨེ་ཀ (ཡར་གྲུ་བཞི། ) ལྔ་དྲུག་ཙམ་ཡོད་ཅིང་། བཀའ་ཤག་སྔོན་མའི་སྐབས་སུ་བོད་པའི་ཚོང་པའི་སྡེ་ཁག་ལ་ཨེ་ཀ་གཅིག་གནང་གྲུབ་ཡོད་ཀྱང་། ཨེ་ཀ་ལྔ་དྲུག་ཙམ་ཡོད་པའི་ས་ཆ་དེར་མི་ཚང་བརྒྱ་དང་ལྔ་བཅུ་ཤོང་ཐུབ་བའི་རེ་བ་བྱེད་མུས་ཡིན་ཡང་། ད་ལྟ་རྗེས་འབྱོར་བོད་མི་རྣམས་ལ་སྡོད་ཁང་བགོ་འགྲེམས་ཀྱི་ལས་གཞི་མགོ་བཙུགས་པར། བོད་མིའི་སྒྲིག་འཛུགས་ལ་དབང་བའི་ས་ཆ་མང་དག་ཅིག་ལ་རྙོག་གྲ་ཆེན་པོ་ཡོད་པས། ས་ཆ་དེ་དག་རྙོག་གྲ་མེད་པ་མ་བཟོས་ཚེ་མངའ་སྡེ་ཁག་ནས་བཀའ་འཁྲོལ་ཞུ་བར་དཀའ་ངལ་ཡོད་པས། ད་ལྟ་ནས་ས་ཆ་དེ་དག་ལ་ཁྲིམས་མཐུན་གྱི་ཡིག་ཆ་བཟོས་དང་བཟོ་མུས་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་རྗེས་འབྱོར་བ་རྣམས་ལ་སྡོད་ཁང་བགོ་འགྲེམས་ཀྱི་ལས་གཞི་རིམ་པ་དང་པོ་དེ། དགེ་འཕེལ་གླིང་གི་ཉེ་འགྲམ་གྱི་ས་ཆ་དེ་དག་མི་མང་ལ་སྤྲད་ནས། མ་འོངས་པར་བོད་ནས་རྗེས་འབྱོར་བ་དཔལ་འབྱོར་ཡག་པོ་ཡོད་པ་དག་གིས་ཁང་པ་གསར་འཛུགས་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་གསུངས་སོང་།
དཔལ་འབྱོར་བཀའ་བློན་མཆོག་གིས། རིམ་པ་གཉིས་པ་དེ་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཡིན་ཡང་། དེ་སྔོན་མེ་ནི་སོ་ཊར་གནས་སྡོད་ཨ་ཅག་ཞིག་གིས་བོད་མིའི་སྒྲིག་འཛུགས་ལ་ས་ཆ་ཡར་ཕུལ་བ་ལས། དེ་མིན་གཞན་རྣམས་ཀྱིས་ས་ཆ་ཡར་ཕུལ་མེད་པ་རེད། སྦེལ་ཀོབ་ཅོ་ཀུར་གཞིས་ཆགས་ནས་རིན་པ་འོས་འཚམ་ཞིག་ཕུལ་ནས་ས་ཁུལ་ཨེ་ཀ་བཅུ་གཉིས་ཞིག་དབུལ་རྒྱུ་བྱས་ཞིག་ཡོད་པ་དང་། དེའི་ཉེ་འགྲམ་ལ་ས་ཆ་དེ་དག་གྲོས་མོལ་ཡག་པོ་བྱུང་ཚེ། དེར་ཨེ་ཀ་ཉི་ཤུ་ཙམ་ཞིག་རག་གི་ཡོད་པས། སྦེལ་ཀོབ་ས་ཁུལ་དུ་ས་ཆ་ལ་གཞིགས་ནས་རྗེས་འབྱོར་བོད་མི་ག་ཚོད་ཅིག་མངག་གཏོང་བྱ་དགོས་མིན་དང་། ས་ཆ་ག་འདྲ་བྱས་ནས་བགོ་འགྲེམ་བྱ་དགོས་མིན་རྗེས་སུ་བལྟ་རྒྱུ་དང་། ས་ཁུལ་དེ་དག་ལ་མངག་གཏོང་བྱས་པའི་བོད་མི་ཚོར་བོད་མིའི་སྒྲིག་འཛུགས་ཀྱིས་ས་ཆ་ཕུལ་ནས། བོད་མི་ཚོས་འདོད་མོས་བཞིན་ཁང་པ་གསར་འཛུགས་བྱ་ཆོག་ལ། བོད་མིའི་སྒྲིག་འཛུགས་ཀྱིས་ཁང་པའི་འགྲོ་གྲོན་གྱི་ཚད་བཀག་ལ་གཞིགས་ནས་འགྲོ་གྲོན་བརྒྱ་ཆ་ ༢༥ དབུལ་རྒྱུ་དང་། གལ་ཏེ་མོན་གྷོ་བོད་མིའི་གཞིས་ཆགས་སུ་གནས་སྤོར་བྱ་འདོད་ཚེ། དེ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ས་ཆ་དང་ཁང་པ་གསར་རྒྱག་གི་འགྲོ་གྲོན་བརྒྱ་ཆ་ ༥༠ དབུལ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
ཡང་དཔལ་འབྱོར་བཀའ་བློན་མཆོག་གིས། ཀོ་ལི་གྷལ་དང་ཧུན་སོར་ལ་གནས་སྤོར་བྱེད་མཁན་ཚོར། སོ་སོའི་འདོད་མོས་བཞིན་ཁང་པ་བརྒྱག་ཆོག་ཅིང་། དེ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་ས་ཆ་དང་ཁང་པ་གསར་རྒྱག་སླད་ཧིན་སྒོར་འབུམ་ ༧ དང་ཕྱེད་ཀ་ཙམ་དབུལ་རྒྱུ་ཡིན་པས། བོད་མི་དག་གིས་སོ་སོའི་གནས་སྟངས་ལ་གཞིགས་ནས་ཁང་པ་གསར་རྒྱག་བྱ་ཆོག་པ་རེད། དེ་ལས་གཞན་པ་དག་ལ་ཨོ་ཊི་ཤ་དང་མེན་སྤར་ཊི་ལ་མངག་གཏོང་བྱ་འཆར་ཡོད་ལ། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་བསླེབས་པ་དག་ལ་ཁང་པའི་ཐོ་གཞུང་བསྡུ་རུབ་བྱེད་མུས་ཡིན་པ་དེར་ཞིབ་ཚགས་ཀྱིས་ཉམས་ཞིབ་བྱས་ཏེ། ཐོ་གཞུང་དེ་དག་མར་ཐེངས་གཅིག་བཀྲམ་ནས། ཐོ་གཞུང་དེ་དག་ལས་དགོས་ངེས་ཅན་རྣམས་ལ་ཁང་པ་རག་མེད་པ་དང་གཞན་ལ་རག་བསྡད་པའི་གནད་དོན་སོགས་ཀྱི་ཐད་ལ་བསྐྱར་དུ་ཞིབ་འཇུག་བྱས་ཏེ། མཐའ་མའི་གཏན་འབེབས་ཀྱི་ཐོ་བཏོན་ཟིན་རྗེས་རྙོག་གླེང་རིགས་བྱུང་ས་མེད་པ་ཞིག་བཟོས་ནས། ལས་གཞི་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་སྐོར་དང་། ཐོའི་ནང་ཚུད་པའི་བོད་ནས་བསླེབས་པའི་ཁ་འཐོར་མི་མང་དག་གིས་རང་རང་གི་དཔལ་འབྱོར་སོགས་ཀྱི་གནས་བབ་ལ་གཞིགས་ནས། ས་ཆ་རིམ་པ་དང་པོ་དང་གཉིས་པ། གསུམ་པ་སོགས་གདམ་དགོས་སྐོར་དང་། ཁང་པ་གསར་རྒྱག་སོགས་ཀྱི་ལས་གཞིའི་སླད། བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ནས་དངུལ་ཏོག་ཙམ་གཏོང་དགོས་ཁེལ་སྲིད་ཀྱང་། ལས་གཞི་དེའི་ཆེད་རྒྱལ་ཁབ་བཞི་ཡི་རོགས་ཚོགས་ལ་འབྲེལ་བ་བྱས་ཏེ་རྒྱལ་ཁབ་གཉིས་ནས་ཁང་པའི་འགྲོ་གྲོན་ཀྱི་རིགས་རག་རྒྱུ་དང་། རྒྱལ་ཁབ་གཅིག་ནས་ལམ་དང་། ཡུར་བ། སྤྱི་ཁང་། གཞི་རིམ་སློབ་གྲྭ། རྩེད་ཐང་སོགས་དང་། ཡང་རྒྱལ་ཁབ་གཅིག་ནས་ཉི་གློག་སོགས་ཀྱི་རོགས་དངུལ་རག་རྒྱུ་རེ་བ་བྱེད་མུས་ཡིན་སྐོར་སོགས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།