བོད་ཀྱི་སྨན་རྩིས་ཁང་དང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་། བལ་ཡུལ་གངས་ཅན་བདེ་རྩ་དང་སྤོག་ར་བཀྲིས་དཔལ་འཁྱིལ་མཉམ་འབྲེལ་སོགས་ཀྱིས་བསྡུ་དངུལ་གྱི་འབུལ་འབབ་ཕུལ་མི་འདུག
དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་ལྔ་པའི་ཐོག མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་ཁག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྐབས་བཅུ་གཅིག་པའི་གྲུབ་དོན་སྙན་ཐོ་སོགས་སྙན་སྒྲོན་གནང་སོང་བ་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ བའི་སྙན་ཐོ་དང་འབྲེལ་བའི་གྲུབ་འབྲས་གནས་སྟངས་ཀྱི་ཁྲོད། རྩིས་སྙན་ཁག་ལ་མཇུག་གནོན་བྱུང་བ་དང་། མཇུག་གནོན་གནང་མུས། སྐྱོན་གནད་སོགས་གྲངས་ ༣༧༧༦ དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་པར་འགྲིགས་པ་གྲངས་ ༡༠༣༦། མང་རྩིས་སྐབས་ ༡༠ པའི་གྲུབ་དོན་སྙན་ཐོར་འཛིན་སྐྱོང་ལན་འདེབས་ཀྱིས་འགྲིགས་པ ༦༡ ། རྩིས་སྙན་ལན་འདེབས་ཀྱིས་འགྲིགས་པ་ ༧༡༧། དོགས་འདྲི་སོང་བ་ ༤༠༣། དོགས་འདྲིའི་ལན་འདེབས་ཀྱིས་འགྲིགས་པ་ ༡༤༧ ། མུ་མཐུད་མཇུག་སྐྱོང་དགོས་པ་དང་། ཚོགས་ཆུང་གི་རྒྱབ་གཉེར་ཁག་ ༡༢༨༤ ཡོད། ཅེས་གསལ་འདུག་ལ། མང་རྩིས་སྐབས་སྔོན་མའི་རྒྱབ་གཉེར་ལ་མཇུག་གནོན་བྱུང་བའི་ཁྲོད། བཙན་བྱོལ་བོད་མིའི་དང་བླངས་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དང་། བོད་མི་མང་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་ལྟར། སྡེ་ཚན་ཁག་ནས་བསྡུ་དངུལ་འབུལ་འབབ། རོགས་དངུལ་བྱུང་ཐོག་འཛིན་སྐྱོང་བརྒྱ་ཆ་དུས་ལྟར་གཙང་འབུལ་ཞུ་བཞིན་འདུག་ཀྱང་སྡེ་ཚན་ཁག་ ༢༦ ནས་བསྡུ་དངུལ་འབུལ་བསྡད་ཁྱོན་སྒོར་ས་ཡ་ ༨༤,༡༠༢.༤༡༨་༠༦ ཟིན་འདུག་པ་དང་། དེའི་ནང་འབུལ་མང་ཤོས་ཀྱི་སྡེ་ཚན་བཞི་ནི། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་འབུལ་བསྡད་སྒོར་ས་ཡ་ ༢༣, ༩༤༧,༥༩༩་༦༡ དང་། བོད་ཀྱི་སྨན་རྩིས་ཁང་ནས་འབུལ་བསྡད་སྒོར་ས་ཡ་ ༤༢,༤༠༣,༣༡༢་༡༥། བལ་ཡུལ་འཇོ་ཁེལ་གངས་ཅན་བདེ་རྩ་ནས་འབུལ་བསྡད་སྒོར་ ༦,༧༢༣.༤༩༡་༧༡ བལ་ཡུལ་སྦོག་ར་བཀྲིས་དཔལ་འཁྱིལ་མཉམ་འབྲེལ་ནས་འབུལ་བསྡད་སྒོར་༦,༠༧༧,༣༢༨་ ༠༠ དང་། འཕྲོས་སྡེ་ཚན་ཁག་༢༢ ནས་འབུལ་བསྡད་ ༤,༩༥༠,༦༨༦,༥༩ ཆགས་འདུག་ལགས་ན། མང་རྩིས་སྐབས་ ༡༠ པས་ཀྱང་སྙན་ཐོ་འདི་འབྲེལ་ཡོད་སྡེ་ཚན་སོ་སོར་འབྱོར་མཚམས། འབུལ་བསྡད་ཁག་ཀ་ཀོར་མེད་པར་དཔལ་འབྱོར་ལས་ཁུངས་སུ་འབུལ་ཐུབ་དགོས་ཞེས་གསལ་འདུག་ཀྱང་ད་བར་ཕུལ་མེད་པ་མ་ཟད། གོང་རིམ་ལ་སྙན་ཞུ་ཕུལ་ཟིན་གནས་གསལ་བ་སོགས་ལ་བརྙད་ནས་མཇུག་གནོན་བྱུང་མི་འདུག་ན་ཐུགས་ཞིབ་ཀྱིས་ཐག་གཅོད་དགོས་པར་བསྐྱར་དུ་རྒྱབ་གཉེར་ཞུས་ཡོད། ཅེས་འཁོད་ཡོད་འདུག
དེ་བཞིན་ཚོགས་ཆུང་གི་མཐོང་ཚུལ་ཁག་ཏུ། ལས་ཁུངས་སམ་སྡེ་ཚན་ཁག་གི་སྐྱོན་གནད་མང་དག་ཅིག་རྩིས་ལོ་སོ་སོའི་ནང་མཇུག་སྐྱོང་གནང་མ་ཐུབ་པར་ལོ་མང་ལྷག་པ་དང་། འབྲེལ་ཡོད་འགན་ཁུར་ལས་བྱེད་རྣམས་འཕོ་འགྱུར་དང་ལས་དུས་གཙང་པ་སོགས་ལ་བརྟེན་གཙང་བཟོ་དཀའ་བ་དང་། ཡང་རྩིས་གཙང་ཟིན་པའི་དན་རྟགས་དང་། བྱུང་སོང་གི་འཛིན། རྩིས་བསུབ་དང་ཉེན་བརྡ་བཏང་བ། ཁ་བསྒྱུར་བཅས་ཀྱི་རྒྱབ་རྟེན་ཡིག་ཆའི་ངོ་བཤུས་མཉམ་སྦྱར་མེད་པ་མང་དག་ཅིག་འདུག་ན་དུས་ཚོད་གང་འཁྱོལ་མ་ཡིན་པར་དུས་ཐོག་ལག་བསྟར་གནང་སྟེ་གཙང་བཟོ་དགོས་པར་མཐོང་། སྔོན་རྩིས་བཀའ་འཁྲོལ་ལས་བརྒལ་བ་དང་འགྲོ་སོང་སྔོན་བཏང་བཀའ་འཁྲོལ་རྗེས་ཞུ་སོགས་ཀྱི་ཐད་འབྲེལ་ཡོད་ལས་བྱེད་ཁ་ཤས་ལ་ཉེན་བརྡ་ཡིན་ལུགས་ཀྱི་ཡིག་ཆུང་རེ་བཏང་བ་ནི་ལམ་སྲོལ་ཙམ་ལས་དོན་ཕན་ལྡན་པ་གང་ཡང་མ་མཐོང་། རང་གཞུང་རྩིས་ཞིབ་ནས་དབུས་ཀྱི་ལྷན་ཁང་ཁག་གཙོས་ཁྱབ་ཁོངས་སྡེ་ཚན་དང་རང་སྐྱོང་སྡེ་ཚན་སོགས་ལ་རུ་ངར་ཞིབ་ཚགས་ཀྱིས་རྩིས་ཞིབ་གནང་བར་བརྟེན་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཐབས་སྐྱོ་བོའི་རིགས་དེ་ཙམ་བྱུང་མེད་ཀྱང་། འབྱུང་འགྱུར་ཡང་རྩིས་ཞིབ་ཀྱིས་གནད་དོན་ཁག་ལ་རྒྱབ་ལྗོངས་ཞིབ་འབྲི་དགོས་པ་སྨྲོས་མེད་ཐོག་དོན་གནད་ཁ་གསལ་དང་སྐྱོན་གནད་ཐེར་འདོན་སྔར་ལྷག་གནང་རྒྱུ་གལ་ཆེར་མཐོང་། ཞེས་འཁོད་ཡོད་འདུག
ཡང་མང་གཙོ་རྩིས་ཁྲ་ཚོགས་ཆུང་གི་མཐོང་ཚུལ་དུ། རང་གཞུང་རྩིས་ཞིབ་ཀྱི་རྩིས་ཁྲ་དང་རྒྱ་གར་ཆེས་མཐོའི་རྩིས་ཞིབ་པའི་རྩིས་ཁྲ་གཉིས་རྩིས་ཁ་མ་མཐུན་པ་གྲངས་ ༡༠ དང་། རྩིས་ལོ་སྔ་མའི་འགྲོ་གྲོན་རྩིས་ལོ་རྗེས་མའི་ནང་འཁྱེར་བ་སོགས་ཇི་སྙིད་ཅིག་བྱུང་འདུག་པས་དེ་དག་གང་ཐུབ་ཀྱིས་རྩིས་ཁྲ་དང་མཐུན་པ་བཟོ་རྒྱུ་དང༌། སླད་ནས་ཆེས་མཐོ་རྩིས་ཞིབ་པས་དག་མཆན་མ་འཁོད་གོང་རང་གཞུང་རྩིས་ཞིབ་ཀྱིས་རྩིས་ཞིབ་གནང་དགོས་ལུགས་འབོད་སྐུལ་ཞུ་མཁན་འདུག་ན་དེ་ལུགས་ཕྱག་བསྟར་གནང་གལ་མཐོང་། གཞུང་གི་ལས་ཤག་གསར་རྒྱག་དང་འཛུགས་སྐྲུན་གྱི་འགན་འཁུར། དེ་བཞིན་ལས་ཤག་བགོ་འགྲེམས་དང་བདག་གཅེས་སོགས་ལ་སྐྱོན་གནད་དང་ལབ་གླེང་སྣ་ཚོགས་ཤིག་ཡོང་བཞིན་འདུག་ན། མ་འོངས་པར་སྟངས་འཛིན་འཐུས་ཤོར་མེད་པར་གཅིག་གྱུར་གྱི་ལམ་སྟོན་ཁ་གསལ་དགོས་གལ་མཐོང་། ཚོགས་ཆུང་གི་ལས་དོན་སྐབས་ཚོགས་དྲུང་གཙོས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་དང་། ལྷན་ཁང་ཁག་གི་རྩིས་པ་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ་བཅས་ནས་མཐུན་འགྱུར་གང་ལེགས་གནང་བྱུང་བར་ཚོགས་ཆུང་ནས་ཐུགས་རྗེ་ཆེ་ཞུ་སོགས་འཁོད་ཡོད་འདུག
མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ནང་། ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། ཚོགས་དྲུང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། ཚོགས་མི་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། ཚོགས་མི་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། ཚོགས་མི་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་བཅས་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ཚོགས་ཆུང་གིས་འདས་པའི་ཟླ་བ་དགུའི་རིང་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་། ཟུར་སྐྱོང་སྡེ་ཚན་བཅས་སྡེ་ཚན་གྲངས་ ༢༤༢ ཀྱི་རྩིས་ལོ་ ༢༠༡༨- ༢༠༡༩ ལོའི་རྩིས་ཞིབ་སྙན་ཐོ་དག་ལ་ལན་འདེབས་དང་ཞིབ་འཇུག་གནང་སྟེ། ལས་དོན་རྣམས་མཇུག་སྒྲིལ་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།