རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེར་འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ལ་མཉམ་ཞུགས་བྱས་མེད་པ་རེད།
རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་དེ་བོད་ཀྱི་ལྷོ་མོན་ས་ཁུལ་ཡིན་པའི་དྲིལ་བསྒྲགས་ཡང་ཡང་བྱེད་ཀྱིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༥ ནས་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ནཱ་གྷར་ (Itanagar) དུ་འཚོགས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་ཁྲོད། རྒྱ་ནག་གཞུང་གི་འཐུས་མི་སོགས་ཀྱིས་མཉམ་ཞུགས་བྱས་མེད་པས། རྒྱ་དཀར་ནག་གཉིས་བར་སླར་ཡང་ཧིན་བོད་མཐའ་མཚམས་ཁུལ་དུ་རྩོད་རྙོག་བྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ཁག་ཏུ། སྤྱིར་རྒྱ་ནག་གཞུང་གིས་ད་ལོར་རྒྱ་གར་གྱི་གཙོ་སྐྱོང་བྱས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་ཁག་ལ་དོ་སྣང་བྱེད་མུས་ཡིན་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་གྷང་ (Qin Gang) གིས་ཀྱང་ཟླ་འདིའི་ཕྱི་ཚེས ༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུར་མཉམ་ཞུགས་བྱས་ཡོད་ཀྱང་། ད་ལན་རྒྱ་གར་བྱང་ཤར་ཁུལ་དུ་འཚོགས་པའི་ཚོགས་ཆེན་སྟེང་རྒྱ་ནག་གི་འཐུས་མིས་མཉམ་ཞུགས་མ་བྱས་པའི་རྒྱུ་མཚན་ཐད་གསལ་ཁ་མེད་ནའང་། རྒྱ་ནག་གཞུང་གིས་མོན་རྟ་དབང་གཙོས་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནི་བོད་ཀྱི་ལྷོ་མོན་ས་ཁོངས་ཡིན་པའི་དྲིལ་བསྒྲགས་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་གཞུང་གིས་མངོན་གསལ་དོད་པའི་ཐོག་ནས་ཧིན་བོད་མཐའ་མཚམས་ཀྱི་ས་ཁུལ་ཁག་ཏུ་ཐེ་ཇུས་བྱ་འདོད་པའི་རྣམ་འགྱུར་བསྟན་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
ཐེངས་འདིའི་རྒྱ་གར་བྱང་ཤར་ཨི་ཊ་ནཱ་གྷར་(Itanagar)དུ་འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཡི་ཚོགས་ཆེན་སྟེང་རྒྱལ ཁབ་ ༡༩ ཡི་འཐུས་མི་༥༠ ལྷག་གིས་མཉམ་ཞུགས་བྱས་ཏེ། ཞིབ་འཇུག་དང་ཕྱོགས་ཡོངས་ཀྱི་འབྲེལ་ལམ་གོང་མཐོར་གཏང་རྒྱུ་སོགས་ཀྱི་ཐད་གླེང་སློང་གནང་ཡོད་ཅིང་། དེའི་ཐད་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་སྒེར་གྱི་ཊི་ཝེ་ཊར་དུ། རྒྱལ་ཁབ་ཁག་གི་འཐུས་མི་རྣམས་གཟིགས་ཞིབ་ལ་ཕེབས་སྐབས། ཡུལ་སྐོར་སྤྲོ་འཆམ་པའི་གནས་བབ་གོང་མཐོར་གཏང་རྒྱུར་མཚོན་པའི་དམིགས་བསལ་གྱི་ཆེས་ཕྱུག་པའི་ཆོས་རིག་སོགས་གསལ་སྟོན་བྱ་རྒྱུ་གོ་སྐབས་ཤིག་བྱུང་ཡོད་ཅིང་། རྒྱལ་ཁབ་ཁག་གི་འཐུས་མི་དག་འདིར་ཕེབས་པ་བརྒྱུད་མངའ་སྡེ་འདི་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་གཏོང་བར་འབད་འབུངས་བྱ་དགོས་སྐོར་སོགས་གསུངས་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་གར་གྱི་མངའ་སྡེ་ཇ་མུ་ཀཱ་ཤི་མིར་ (Jammu and Kashmir)དུ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་དཔལ་འབྱོར་ཚོགས་ཆེན་འཚོག་འཆར་ཡོད་ཀྱང་། པ་ཀི་སི་ཐན་གྱིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་ཆེས་རྩོད་རྙོག་ཆེ་བའི་ཇ་མུ་དང་ཀ་ཤི་མིར་དུ་རྒྱལ་ཁབ་ ༢༠ ཡི་དཔལ་འབྱོར་གྱི་ཚོགས་འདུ་འཚོག་པར་དགག་པ་ཤུགས་ཆེན་བརྒྱག་མུས་ཡིན་པ་མ་ཟད། རྒྱ་ནག་དང་ཊུར་ཀི་ (Türkiye)། སོ་ཌི་ཨ་ར་བྷི་ཡའི་ (Saudi Arabia) རྒྱལ་ཁབ་སོགས་ལ་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཇ་མུ་དང་ཀ་ཤི་མིར་འཚོག་གཏན་འཁེལ་བའི་ཚོགས་འདུར་ཞུགས་མི་ཉན་པའི་རེ་སྐུལ་ཡང་བྱས་ཡོད་འདུག་ལ། རྒྱ་ནག་གཞུང་ཕྱོགས་ཀྱིས་ཀྱང་། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་ནི་རྒྱལ་སྤྱིའི་ཚོང་འབྲེལ་མཉམ་ལས་ཀྱི་གར་སྟེགས་ཤིག་ཡིན་སྟབས། ཆེས་ཛ་དྲག་ཆེ་བའི་ཇ་མུ་དང་ཀ་ཤི་མིར་གྱི་གནས་སྟངས་དེ་ལས་གཡོལ་ཐབས་བྱ་དགོས་ལུགས་བཤད་ཡོད་འདུག
དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༤ ཙམ་ནས་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་བྱུང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ནས་ཇེ་སྡུག་ཏུ་ཕྱིན་ཏེ། ད་ལྟའང་རྒྱལ་ཁབ་གཉིས་ཀྱི་ས་མཚམས་རྩོད་རྙོག་གི་དཀའ་ངལ་མུ་མཐུད་གནས་བཞིན་ཡོད་པར་བརྟེན། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗའེ་ཤན་ཀཱར་ (S. Jaishankar) ལགས་ཀྱིས། ལ་དྭགས་གྷལ་ཝན་ལུང་གཤོངས་ཀྱི་དཀའ་རྙོག་མ་སེལ་བར་དུ་རྒྱ་དཀར་ནག་གི་འབྲེལ་ལམ་རྒྱུན་ལྡན་ལྟར་སླར་གསོ་ཡོང་ཐབས་མེད་སྐོར་བསྒྲགས་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་ལ་དྭགས་ནས་མོན་རྟ་དབང་བར་གྱི་ཧིན་བོད་མཐའ་མཚམས་ཁུལ་དུ་ལྟ་སྲུང་ནན་མོ་བྱེད་མུས་ཡིན་འདུག
གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢ བར་ཉིན་གྲངས་གཉིས་ཀྱི་འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་ཡོད་ཅིང་། ཚོགས་ཆེན་དེའི་ཐོག་ཨོ་གླིང་དང་། རྒྱ་གར། རྒྱ་ནག དབྱིན་ཡུལ། ཨ་རི། འཇར་མན་གཙོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བཅུ་དགུ་ཡི་ཕྱི་སྲིད་བློན་ཆེན་རྣམས་ཀྱིས་རྒྱལ་ཁབ་ཁག་གི་མཉམ་རུབ་ཀྱི་ཐོག་ནས་ཟས་རིགས་དང་ཚོང་དོན་ཡར་རྒྱས་གཏོང་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་མཉམ་རུབ་ཀྱི་ནུས་པ་ཇི་ལྟར་སྐྱེད་དགོས་མིན། ཨུ་རུ་སུ་དང་ཡུ་ཁི་རེན་གྱི་དཀའ་རྙོག་སོགས་ཀྱི་ཐད་ལ་གླེང་སློང་བྱས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།